མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རེས་འཁོར་དྲུག་པའི་ཀྲུང་གོ་དང་ཨ་རིའི་འཐབ་ཇུས་དང་དཔལ་འབྱོར་གླེང་མོལ་ཚོགས་འདུ་མཇུག་སྒྲིལ་བ་དང་ཕྱོགས་གཉིས་པོའི་བར་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་བ།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-11 11:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རེས་འཁོར་དྲུག་པའི་ཀྲུང་གོ་དང་ཨ་རིའི་འཐབ་ཇུས་དང་དཔལ་འབྱོར་གླེང་མོལ་ཚོགས་འདུ་ནི་སྤྱི་ཚེས་9ཉིན་ནས་10ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གི་དམིགས་བསལ་སྐུ་ཚབ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་ཡང་དང་རྒྱལ་དོན་ཨུ་ཡོན་ཡང་ཅེ་ཁྲི་དང་། ཨ་རིའི་ཙུང་ཐུང་ཨོ་པ་མའི་དམིགས་བསལ་སྐུ་ཚབ། རྒྱལ་དོན་བློན་ཆེན་ཁེ་ལི་དང་ནོར་སྲིད་པུའུ་ཀྲང་ཡ་ཀེ་པུ་ལུས་ཐུན་མོང་ཐོག་གླེང་མོལ་ཚོགས་འདུར་གཙོ་སྐྱོང་གནང་ཡོད་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་གཙོའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་དང་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུར་གཞིགས་ཏེ། འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན། གནས་བབ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་རབ་དང་རིམ་པའི་ཐད་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།

ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་35སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཐོབ་པའི་གོང་འཕེལ་ལ་གདེང་འཇོག་གང་ལེགས་གནང་བ་དང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་དང་དེ་མིན་རིམ་པ་ཁག་གི་བར་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་བསྐྱར་བཤད་གནང་ཡོད་པ་རེད། རྒྱལ་ཁབ་གཉིས་པོའི་འགོ་གཙོས་མུ་མཐུད་འཚམས་འདྲི་དང་གྲོས་མོལ། ཞལ་པར་སྐྱོན་རེས། ཕྱག་ཡིག་བསྐུར་རེས་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱུན་གཏན་རང་བཞིན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ་རེད།

ཕྱོགས་གཉིས་པོས་ཐུན་མོང་ཐོག་འདི་ལོའི་སྤྱི་ཟླ་11པར་ཀྲུའུ་ཞི་ཞི་ཅིང་ཕིང་དང་ཙུང་ཐུང་ཨོ་པ་མས་པེ་ཅིང་གྲོས་མོལ་གནང་རྒྱུའི་ཐད་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་ཡིན་པ་དང་། ཨ་རིའི་ཕྱོགས་ནས་ཀྲུང་གོས་འདི་ལོའི་ཨེ་ཞི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་དངོས་གཞི་མ་ཡིན་པའི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་གཉིས་པ་ཡག་པོ་གཉེར་ཐུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག