མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་བརྡ་ཐོ་བཀྲམ་ནས།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་བླང་བྱ་བཏོན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-10 15:31

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་དུས་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། བརྡ་ཐོའི་ནང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་གནད་དོན་གྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཆེན་པོའི་ཐོག་ནས་དངོས་འཛིན་བཙན་ཐབས་ཀྱིས“སྤྱོད་ཚུལ་བཞིའི”གཅོང་ནད་རྩ་བཅོས་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    《བརྡ་ཐོའི》ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་། སློབ་གསོ་ལག་ལན་བྱེད་སྒོས་སྤྱོད་ཚུལ་འཛུགས་སྐྱོང་ལ་བློ་སྒོ་གལ་ཆེན་ཕྱེ་བར་ཆ་ལག་ཚང་བའི་ཕྱོགས་སྡོམ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་གལ་ཆེན་དང་འབད་བརྩོན་གྱི་ཁ་ཕྱོགས་རྒྱས་བཤད་གཏིང་ཟབ་བཅས་བྱས་ཏེ་མགོ་མཇུག་ཡོད་པའི་སྒོ་ནས་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་རྒྱུར་བླང་བྱ་ཁ་གསལ་བཏོན་ཁར་སློབ་གསོ་ལག་ལེན་བྱེད་སྒོར་དམ་འཛིན་ཡག་པོ་དང་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་ཆེད་སྲུང་བྱ་གལ་ཆེན་བཏོན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་སྤྱད་དེ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ། ཏང་ལ་སེམས་ཁྲལ་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཏང་ནན་སྐྱོང་གི་བླང་བྱ་སྟངས་འཛིན་བྱེད་པ། ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་མཛུབ་སྟོན་བྱས་ཡོད་པ་རེད།

    《བརྡ་ཐོའི》ནང་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་དང“བཀག་འགོ་བཞི”དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་དངོས་ཐོན་ཐུབ་པ་མ་ཟད། ལོ་རྒྱུས་ཀྱི་ཞིབ་དཔྱད་ཐོབ་རྒྱུ་འགན་ལེན་བྱེད་དགོས། ངར་ཤུགས་གཅིག་སྒྲིམ་གྱིས་འགོ་དམ་མཇུག་ལྷོད་བཀག་འགོག་དང་ཚད་གཞི་གཅིག་གིས་འགོ་ནས་མཇུག་བར་དམ་འཛིན་བྱས་ཏེ་ལྷུ་ཚིགས་གཅིག་གི་རྗེས་སུ་གཅིག་ལ་དམ་འཛིན་བྱེད་དགོས་པ་དང་། གོང་འོག་སྦྲེལ་མཐུད་བྱས་ཏེ་འགལ་ཟླ་ཕུང་གསོག་མི་ཐེབས་པ་བྱེད་པ་དང་བཅོས་སྒྲིག་གི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་གོང་འོག་མཉམ་འགུལ་ངང་གནད་དོན་ཐག་གཅོད་བྱེད་དགོས་པ། གཟབ་ནན་ངང་ཐག་གཅོད་བྱས་ནས་སྟབས་བདེ་ལ་རགས་ལས་བཀག་འགོག་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་སྣང་ཆེན་བྱེད་པ། སྲིད་ཇུས་ཀྱི་བསམ་འཆར་ཁ་གསལ་ཡོང་བ་བཅས་བྱས་ཏེ་གནད་དོན་ཡོད་པའི་ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པའི་ལས་དོན་གཟབ་ནན་དང་སྒམ་བརླིང་ངང་ཡག་པོ་སྒྲུབ་དགོས་པ། གྲུབ་འབྲས་སྲ་བརྟན་བཏང་ནས་དུས་ཐུང་གི་ཕན་འབྲས་བཀག་འགོག་བྱེད་པ་དང་འགྱུར་མེད་ཀྱི་ལམ་ལུགས་གཏན་འབེབས་དང་ལག་བསྟར་ནན་པོའི་ཐོག་ནས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུ་དེ་ཚད་ལྡན་ཅན་དང་། རྒྱུན་གཏན་ཅན། ཕུགས་ཕན་ཅན་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད་པ་རེད།

    《བརྡ་ཐོའི》ནང་བྱེད་སྒོ་སྤེལ་རིང་ཐོན་པའི་གནད་དོན་ལ་ལན་ཧུར་ཐག་འདེབས་པ་དང་འབྲེལ་ཐག་གཅོད་ནན་ཏན་བྱས་ནས་ཕྱི་ཚུལ་རིང་ལུགས་ལ་བརྟེན་ནས་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གནད་དོན་དང་། བཅོས་སྒྲིག་བྱེད་འདོད་མེད་པ་དང་བཅོས་སྒྲིག་དངོས་འབྲེལ་མི་བྱེད་པའི་ཕྱོགས་ལྷུང་རང་རྟོགས་ངང་ཁྱད་བསད་བྱེད་པ་དང་། མང་ཚོགས་ཀྱི་བྱ་བ་སྒྲུབ་དཀའ་བའི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ཏེ་གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། ཆ་གསེས་གང་བྱུང་དུ་བྱེད་པ་བཅས་ཀྱི་གནད་དོན་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཐད་ཉུང་འཕྲི་དང་ཕྱི་ཚུལ་ཙམ་བྱེད་པའི་གནད་དོན། མང་ཚོགས་ཀྱི་དངུལ་འགྱངས་ཆད་དང་མང་ཚོགས་ཀྱི་རྒྱུ་ནོར་འཕྲི་འཐེན་བྱེད་པའི་གནད་དོན་སོགས་བཅོས་སྒྲིག་བྱེད་པ། “འདུ་གནས་ནང་གི་ཚུལ་མིན་སྤྱོད་ཚུལ”བཅོས་སྒྲིག་དང་། “དཔོན་ཧྲེང”ལེགས་སྒྲིག་དང་གཙང་བཤེར། གསོ་སྦྱོང་ལྟེ་གནས་གཙང་བཤེར་དང་བཅོས་སྒྲིག གཞི་རིམ་ཏང་ཡོན་ལས་བྱེད་པའི་ཚུལ་མིན་སྤྱོད་ཚུལ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དང་དེ་བཞིན་ལས་བྱེད་པས“ཞག་སྡོད་མི་བྱེད་པ”དང“རྔན་པའི་ཤོག་ཆག་ལེན་པ”“ལས་མེད་གླ་ཕོགས་ལེན་པ”སོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་དེ་བཅོས་སྒྲིག་གི་ཁྱབ་ཁོངས་ནང་བཅུག་ནས་དངོས་འབྲེལ་བཅོས་སྒྲིག་དང་བཅོས་སྒྲིག་དཔྱིས་ཕྱིན་པ་བྱེད་པ་བཅས་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད་པ་རེད།

    《བརྡ་ཐོའི》ནང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱོད་བཟང་དར་སྤེལ་དང་སྲིད་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་པའི་ཐད་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནུས་པ་འདོན་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་ཞིག་ཆགས་རྒྱུར་སྣེ་ཁྲིད་བྱེད་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགོ་ཁྲིད་ལས་བྱེད་པས་འབད་འབུངས་ཡར་བརྩོན་གྱིས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུར་སྐུལ་འདེད་བཏང་ནས་དཔོན་པོ་བྱེད་པ་ལས་བྱས་རྗེས་མི་འཇོག་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་འགོ་ཁྲིད་ལས་བྱེད་པའི་བྱ་གཞག་གཏོད་པའི་འགན་འཁྲི་འཁུར་སེམས་དང་རང་རྟོགས་རང་བཞིན་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    《བརྡ་ཐོའི》ནང་སློབ་གསོ་ལག་ལེན་བྱེད་སྒོས་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་བྱེད་པ་དང་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་དེ་ཏང་འཛུགས་སྐྱོང་གི་ཕུགས་ཀྱི་འཕེལ་རྒྱས་ལ་ཞིབ་འཇུག་དང་བསམ་གཞིག་བྱེད་པའི་གནད་དོན་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་སློབ་གསོ་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་ལྡན་རང་བཞིན་གྱི་བསམ་འཆར་ནན་པོ་ཞིབ་བཟོ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་འབྲེལ་ཡོད་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་རྨང་གཞིའི་ལས་དོན་དངོས་འབྲེལ་སྟོབས་ཆེན་ཡོང་བ་བཅས་བྱེད་དགོས་པའི་མཛུབ་སྟོན་བྱས་ཡོད་པ་རེད།

    《བརྡ་ཐོའི》ནང་རིམ་ཁག་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། རིམ་ཁག་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་དེའི་གཞུང་དོན་ཁང་གིས་ལས་ཀར་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ས་གནས་རིམ་ཁག་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ལྟ་སྐུལ་མཛུབ་ཁྲིད་ནན་པོ་དང་ལྟ་སྐུལ་མཛུབ་ཁྲིད་དངོས་བྱེད་པ་བཅས་བྱེད་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བྱེད་སྒོ་གཏིང་ཟབ་དང་སྐྱོན་བྲལ་ངང་སྤེལ་རྒྱུར་ཕན་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    (བཀྲ་ཤིས་དང་རིག་རྡོར་གྱིས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག