ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་འདི་ཤར་ཚུན། ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས་ཁག་ཅིག་དང་རྒྱལ་ཁབ་ནུས་པའི་འབྱུང་ཁུངས་མ་ལག་གི་དཔོན་རིགས་མང་པོ་ཞིག་གིས་གོ་གནས་ཉེས་བསག་དོགས་ཡོད་གྱོད་གཞིའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་གླེང་ཕྱོགས་ནས་ལན་ཆ་ཧུར་ཐག་བྱས་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཉིན་ཤས་གོང་གནས་སྐབས་ལག་བསྟར་བྱ་ཐབས་བཏོན་ནས། རིམ་ཁག་ཞིབ་དཔྱོད་ལས་ཁུངས་ནས་དུས་ཐོག་ཏུ་ཞིབ་དཔྱོད་ལས་ཁུངས་ཀྱིས་གོ་གནས་ཉེས་བསག་གྱོད་གཞི་ཆེ་རིགས་བདག་སྤྲོད་བྱས་པའི་འཕེལ་རིམ་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེའི་ཐོག་ནས་གོ་གནས་ཉེས་བསག་ཆེ་རིགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་དེ་རྒྱུན་ལྡན་ཅན་ལ་འགྱུར་རྒྱུ་ཡིན་པ་མཚོན་གྱི་ཡོད།
གནས་སྐབས་ལག་བསྟར་བྱ་ཐབས་ནང་། གོ་གནས་ཉེས་བསག་ཆེ་རིགས་ཁྱབ་བསྒྲགས་བྱེད་པའི་ཁྱབ་ཁོངས་ནང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གོ་གནས་ཉེས་བསག་དོགས་ཡོད་གྱོད་གཞི་དང་། ཐིང་དང་ཅུད་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གོ་གནས་ཉེས་བསག་དོགས་ཡོད་གྱོད་གཞི། རྫོང་རིམ་པའི་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་གོ་གནས་ཉེས་བསག་དོགས་ཡོད་གྱོད་གཞི། ཚབས་ཆེའི་འགན་འཁྲིའི་དོན་རྐྱེན་དང་། ཚབས་ཆེའི་ཟས་རིགས་དང་སྨན་རྫས་བདེ་འཇགས་དོན་རྐྱེན་སོགས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་པོ་བཟོས་པའི་དོན་རྐྱེན་རྒྱབ་ཕྱོགས་ཀྱི་གོ་གནས་ཉེས་བསགས་དོགས་ཡོད་གྱོད་གཞི་དང་དེ་བཞིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པའི་གོ་གནས་ཀྱི་ཉེས་བསག་གྱོད་གཞི་གཞན་དག་བཅས་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་གྱི་ཚུན་དུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཅིག་མཇུག་གཉིས་མཐུད་ངང་ཤིན་ལང་དྲ་བ་དང་། ཐང་ཤུན་དྲ་བ། ཀྲེང་དབྱིས་དྲ་བ། ཤིན་ཧྭ་དྲ་བ། མི་དམངས་དྲ་བ་བཅས་ཀྱི་ཐོག་གཞུང་ཕྱོགས་ཀྱི་པོད་ཕྲན་ཤར་གཏོང་བྱས་པ་མ་ཟད། གཞུང་ཕྱོགས་ཕྲན་འཕྲིན་དང་གསར་འགྱུར་སྤེལ་སའི་སྟེགས་བུ་ཤར་གཏོང་ཐུབ་ཡོད། མིག་སྔའི་བར་སླེབས་དུས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་པོད་ཕྲན་དང་ཕྲན་འཕྲིན། གསར་འགྱུར་སྤེལ་སའི་སྟེགས་བུ་བཅས་ཀྱི་ཐོག་གོ་གནས་ཉེས་བསག་ཆེ་རིགས་ཀྱི་ཆ་འཕྲིན་ཚུད་པའི་ཞིབ་དཔྱོད་ཆ་འཕྲིན6700ལྷག་ཙམ་སྤེལ་ཡོད་པ་དང་། ལྟ་མཁན་དང་ཉན་མཁན་ཁྱོན་བསྡོམས་ས་ཡ་བརྒྱད་དང་ལྔ་འབུམ་ཟིན་ཡོད་པ་རེད། །