
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་ལོ་ཚོགས་ལ་ཞུགས་པར་ཡོང་བའི་མ་ཨར་ཐའི་ཙུང་ལི་མུའུ་སི་ཁ་ཐི་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མ་ཨར་ཐ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། མ་ཨར་ཐ་ནི་ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོགས་པོ་བཟང་བོ་ཡིན་པའི་ཆ་ནས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་དགོས་ཟེར།
མུའུ་སི་ཁ་ཐི་ཡིས་བཤད་རྒྱུར། མ་ཨར་ཐ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་གྲོས་མཐུན་བཀོད་པའི་མཉམ་ལས་ཐད་ཀྱི་དུས་སྐབས་འབྲིང་བའི་འཆར་གཞི་གོ་སྐབས་སུ་བཟུང་སྟེ་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པར་མ་ཟད་མ་ཨར་ཐའི་མངའ་ཁོངས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །