མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨེ་ཙི་ཨོ་ཕི་ཡའི་ཙུང་ཐུང་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 10:52

ཟླ་བདུན་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨེ་ཙི་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལ་ཐུའུ་དང་གྲོས་མོལ་མཛད། གྲོས་མོལ་མ་བྱས་གོང་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་མུའུ་ལ་ཐུའུ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཨེ་ཙི་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལ་ཐུའུ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕུན་ལིས་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁེ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཕེན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧའེ་ཧྥུན་བཅས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་རྫོགས་རྗེས། ཞི་ཅིན་ཕེན་གྱིས་མུའུ་ལ་ཐུའུ་དང་གྲོས་མོལ་མཛད།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཙི་ཨོ་ཕི་ཡ་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་གཡུར་ཟ་བ་བླངས་པར་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་འབྲེལ་བའི་མདུན་གྲས་སུ་བསླེབས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་དང་མཉམ་ལས་བྱེད་པའི་མིག་དཔེ་ལྟ་བུར་གྱུར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙི་ཨོ་ཕི་ཡ་ཡིས་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་གཏོང་བར་རོགས་སྐྱོར་བྱས་ནས། ཨེ་ཙི་ཨོ་ཕེ་ཡ་ཕྱོགས་དང་རྒྱལ་དར་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པར་མ་ཟད། ཨེ་ཙི་ཨོ་ཕི་ཡ་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨེ་ཙི་ཨོ་ཕི་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བའི་འཐབ་ཇུས་ནང་དོན་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད་ཟེར།

མུའུ་ལ་ཐུའུ་ཡིས་བཤད་རྒྱུར། ཨེ་ཙི་ཨོ་ཕི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་ལོ་མང་པོའི་རིང་ལ་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙི་ཨོ་ཕི་ཡར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས། ཨེ་ཙི་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཕན་འབྲས་ལྡན་པའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙི་ཨོ་ཕི་ཡར་མ་དངུལ་གཏོང་བར་དགའ་བསུ་ཞུས་པ་ཡིན་ལ། ཞིང་ལས་དང་བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག