ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་མགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་སྐོར་གྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་མཁས་པའི་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན། ཞི་ཅིན་ཕེན་གྱིས་ང་ཚོས་གཏན་ལ་ཕབ་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་གཙོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ནི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ལས་འགན་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་དཔལ་འབྱོར་རིག་པར་སློབ་སྦྱོང་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་མགོ་ཁྲིད་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་གསུངས།
བཞུགས་མོལ་ཚོགས་འདུའི་སྟེང་། ཝང་ཀྲན་དང་ལིག་ཧྲི་ཅིན། ལིས་དབྱང་། ལིན་དབྱི་ཧྥུའུ། ཧུའུ་ཨན་ཀང་སོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱེད་པ། དངུལ་ལོར་བྱ་བ་གཙིགས་འཛིན་བྱེད་པ། ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བ། དཔལ་འབྱོར་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཐད་ནས་སོ་སོར་རང་རང་གི་ལྟ་ཚུལ་གླེང་།
ཞི་ཅིན་ཕེན་གྱིས་ཆེད་མཁས་པ་རྣམ་པའི་གཏམ་བཤད་ལ་ཞིབ་ཏུ་ཉན་རྗེས། ཁོ་ཚོ་དང་གྲོས་བསྡུར་དང་བརྗེ་རེས་མཛད།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཀྲུང་གོའི་ཁྱད་ཆོས་ཀྱི་རྣམ་པ་གསར་བའི་རིག་མཛོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། འཐབ་ཇུས་བློ་འདོན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན། དེ་རིང་གི་དཔལ་འབྱོར་གནས་བབ་ཀྱི་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ནི་འཐབ་ཇུས་དང་བཀོད་སྒྲིག་དེ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་མཚོན་བྱེད་གལ་ཆེན་ཞིག་ཡིན། ཕྱོགས་སོ་སོའི་ཆེད་མཁས་པའི་བསམ་འཆར་ལ་ཡོངས་ཁྱབ་ཏུ་ཉན་པར་མ་ཟད་ལམ་ལུགས་ཅན་དུ་བསྒྱུར་བ་དེར་ཏང་གི་སྲིད་འཛིན་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། རྒྱ་ཆེའི་ཆེད་མཁས་པ་དོན་དངོས་དང་མང་ཚོགས། གཞི་རིམ་བཅས་ཀྱི་ཁྲོད་ཞུགས་ཏེ། མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། གནས་ཚུལ་ངོ་མར་རྒྱུས་ལོན་བྱེད་པ། ཡོངས་ཁྱབ་ཏུ་བརྟག་དཔྱད་ཞིབ་འཇུག་བཅས་བྱས་ནས། ཡང་དག་པའི་ལྟ་བ་ཆགས་པར་བྱེད་དགོས་པར་མ་ཟད། ཏང་ཀྲུང་དབྱང་གིས་ཚན་རིག་ལྟར་ཇུས་གཞི་འགོད་པར་བློ་འདོན་ཇུས་འབུལ་བྱེད་པ་དང་། ཐབས་ཇུས་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་བསྒྱུར་བར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན་པ་ཡིན་ཟེར།
ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། ཀྲིག་ཞའོ་ཁྲོན་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས། །