
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བརྒྱད་ཉིན་པེ་ཅིན་ནས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་མུའུ་ལ་ཐུའུ་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། བདག་གིས་ད་ལོའི་ཟླ་ལྔ་བར་ཨེ་ཙེ་ཨོ་ཕི་ཡ་ལ་འཚམས་འདྲི་བྱེད་སྐབས། ཨེ་ཙེ་ཨོ་ཕི་ཡའི་མགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་དང་མཉམ་དུ་མངའ་ཁོངས་མཁའ་སྐྱོད་ལྟེ་གནས་དང་གསར་བཟོ་ལས་རིགས་ལྟེ་གནས། དབུལ་ཐར་དཔེ་སྟོན་ལྟེ་གནས་སོགས་འཛུགས་སྐྲུན་བྱས་པ་བརྒྱུད་དེ་ཨེ་ཙེ་ཨོ་ཕི་ཡའི་འགྲིམ་འགྲུལ་དང་གློག་དྲ་སོགས་རྨང་གཞིའི་སྒྲིག་ཆས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དམིགས་བསལ་ས་ཁུལ་དང་བཟོ་ལས་ས་ཁུལ་སོགས་ལས་གཞི་ཆེན་པོ་ལག་བསྟར་བྱེད་པར་མ་ཟད། ནུས་ཁོངས་གསར་སྤེལ་དང་མི་ཤུགས་ཐོན་ཁུངས་གསོ་སྦྱོང་། ཞིང་ལས་མཉམ་ལས་བཅས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།
མུའུ་ལ་ཐུའུ་ཡིས་བཤད་རྒྱུར། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐེངས་འདིའི་འཚམས་འདྲི་ལས་ཐོབ་པའི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་རྒྱ་ཆེའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་མཉམ་དུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །