ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་བདུན་པའི་ཚེས་བདུན་ཉིན་གྱི་སྔ་དྲོ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་རིགས་ཡོངས་ནས་ལྗར་འགོག་དམག་འཁྲུག་བརྒྱབ་ནས་ལོ་ངོ77འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་གནང་སྐབས་མི་སུ་འདྲ་ཞིག་གིས་ཀྱང་བཙན་འཛུལ་ལོ་རྒྱུས་ཁས་ལེན་མི་བྱེད་པ་དང་། འཁྱོག་བཤད་བྱེད་པ། ཐ་ན་མཛེས་རྒྱན་སྤྲས་པ་བཅས་བྱེད་བསམ་པར་ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ནས་ཁས་ལེན་གཏན་ནས་བྱེད་མི་སྲིད་ཅེས་གསུངས་པ་རེད།
ཉིན་དེར་ནང་སོག་གི་ལྗོངས་དེ་ཡོངས་ཀྱིས་རིམ་ཁག་གུང་གཞོན་སྡེ་ཚོགས་སྒྲིག་འཛུགས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་། བདུན་པའི་ཚེས་བདུན་ཉིན་གྱི་དུས་འགྱུར་བརྗེད་མི་རུང་ཞེས་པའི་ལང་ཚོའི་དམ་བཅའ་དྲ་ཐོག་ཏུ་བརྒྱུད་བསྒྲགས་བྱེད་པའི་བྱ་སྤྱོད་སྤེལ་ཞིང་། སྨྱན་སྦྱོར་ལས་རིགས་གསར་པ་བརྒྱུད་ལྗོངས་དེ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོས་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་། ཕན་ཚུན་རོགས་རམ་བྱེད་པ། འགན་འཁྲི་འཁུར་བའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།
ནང་སོག་རང་སྐྱོང་ལྗོངས་སྡེ་ཚོགས་ཨུ་ཡོན་ལྷན་ཁང་གིས་ཤིན་ལང་གཞུང་ཕྱོགས་པོད་ཕྲན་ཐོག་བདུན་པའི་ཚེས་བདུན་གྱི་དུས་འགྱུར་བརྗེད་དུ་འཇུག་མི་ཉན་ཞེས་པའི་གླེང་གཞིར་གཞིགས་ནས། སྤྱི་ཟླ་བདུན་པའི་ཚེས་བདུན་ཉིན་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཁོང་ཁྲོ་ཆེན་པོ་བྱེད་པ་དང་། བློ་བརྟན་གཞུང་དྲང་གི་རང་གཤིས་མངོན་པའི་ཉིན་མོ་ཞིག་ཡིན། ང་ཚོས་ལོ་ངོ77གོང་ཁྱོན་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱས་པ་བརྗེད་མི་སྲིད་ལ། དུས་ཡུན་ཟླ་བ་གསུམ་ནང་ཀྲུང་གོ་རྩ་མེད་བཟོ་བ་ཞེས་པའི་འུད་སྒྲོག་བྱེད་པ་བརྗེད་མི་སྲིད། བཙན་འཛུལ་པའི་བརྗོད་མི་ཚར་བའི་སྡིག་ཉེས་དང་ཀྲུང་གོའི་མི་དམངས་ལ་བཟོས་པའི་སྡུག་བསྔལ་ཡང་བརྗེད་མི་སྲིད། དེ་རིང་ང་ཚོས་ལང་ཚོའི་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དམ་བཅའ་འཇོག་རྒྱུ་ཡིན་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ང་རང་ཡང་ཚུད་ཡོད་ཅེས་པའི་པོད་ཕྲན་རྩོམ་ཡིག་སྤེལ་རྗེས་པོད་ཕྲན་བལྟ་ཀློག་བྱེད་མཁན་མིའི་ཐེངས་གྲངས་དྲུག་ཁྲི་བརྒྱད་སྟོང་ཟིན་པ་དང་། བརྒྱུད་སྤེལ་ཐེངས1528བྱས་པ་དང་དཔྱད་གཏམ171སྤེལ་ཡོད།
བདུན་པའི་ཚེས་བདུན་ཉིན་གྱི་དུས་འགྱུར་བརྗེད་དུ་འཇུག་མི་རུང་ཞེས་པའི་ལང་ཚོའི་དམ་བཅའ་བཞག་པའི་དྲ་བའི་བརྒྱུད་བསྒྲགས་བྱ་སྤྱོད་ལ་མི་རིགས་ཁག་དང་ལས་རིགས་ཁག་གི་ལོ་ཆུང་བྱིས་པའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད། ཉིན་དེའི་ཆུ་ཚོད6སྐབས་ཤིན་ལང་དྲ་བའི་གླེང་གཞིའི་པོད་ཕྲན་བལྟ་ཀློག་བྱེད་ཚད་ས་ཡ་བཞི་ལས་བརྒལ་བ་དང་། པོད་ཕྲན་བེད་སྤྱོད་བྱེད་མཁན་ཉིས་ཁྲི་ཉིས་སྟོང་ཙམ་གྱིས་གླེང་གཞིའི་པོད་ཕྲན་གྱི་རྩོམ་སྒྲིག་དང་། བརྒྱུད་སྤེལ། དཔྱད་གཏམ་སྤེལ་བའི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།