ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་7ཉིན་ནི་མི་རིགས་ཡོངས་ཀྱིས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་ནས་ལོ་བདུན་ཅུ་དོན་བདུན་འཁོར་བ་དང་ཏག་ཏག་འཁེལ་བས་རྒྱལ་སའི་ལས་རིགས་ཁག་གིས་ཉིན་དེའི་སྔ་དྲོ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་གི་དྲན་གསོ་ཁང་དུ་དྲན་གསོའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་གིས་ཀྲུང་གོས་ཚད་གཞི་མཐོ་པོས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་པའི་ཉིན་མོར་དྲན་གསོ་ཞུ་བའི་དོན་སྙིང་ཟབ་པས་རྒྱལ་ཁབ་ཁག་གི་མི་དམངས་ཚོས་རི་པིན་གཡས་རུ་སྟོབས་ཤུགས་སླར་ཡང་བསྐྱར་ལོག་བྱ་རྒྱུར་དོགས་ཟོན་དང་རི་པིན་དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལུགས་བརྗོད་པ་རེད།
ཧན་གོའི་ཨེ་ཤེ་ཡ་བྱང་ཤར་མའི་ལོ་རྒྱུས་འབྱོར་ཚོགས་ཀྱི་དབུ་བཞུགས་ཞིབ་འཇུག་པ་ཁྲེ་ཙེའེ་ཕུའུ་ཡིས་ཀྲུང་གོས་ཚད་གཞི་མཐོ་པོས“བདུན་པའི་ཚེས་བདུན་གྱི་དུས་འགྱུར”བྱུང་ནས་ལོ་77འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་དེ་ནི་ལོ་རྒྱུས་ལ་རྗེས་དྲན་བྱས་པ་ཞིག་ཡིན་ལ་འཛམ་གླིང་སྐྱེ་བོ་ཀུན་ལ་དྲན་སྐུལ་བྱས་པ་ཞིག་ཀྱང་རེད། ཀྲུང་གོར་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་ཞིག་ཡིན་ལ་འཛམ་གླིང་ཞི་བདེ་ཡོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་ཀྱང་རེད། རི་པིན་གྱིས་བཙན་འཛུལ་གྱི་ལོ་རྒྱུས་ལ་ཡང་ཡང་གཡོལ་བ་མ་ཟད། དེར་རྐང་བཙུགས་ནས་མཛེས་བཟོ་དང་བཙན་འཛུལ་དེ་དྲང་བདེན་ཅན་ལ་འགྱུར་རྒྱུའི་རེ་ངན་བཅངས་བཞིན་ཡོད། ང་ཚོས་ངེས་པར་དུ་རི་པིན་གཡས་རུ་སྟོབས་ཤུགས་སླར་ཡང་བསྐྱར་ལོག་བྱ་རྒྱུར་དོགས་ཟོན་དང་རི་པིན་དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་རྒྱུར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་ཞེས་བཤད།
ཧྥ་རན་སེའི་ཀྲུང་གོའི་གནད་དོན་རིགས་གཅིག་མཁས་ཅན་ཕ་རི་སིའི་སློབ་ཆེན་བརྒྱད་པའི་ས་བབ་ཐད་ཀྱི་འབྲེལ་བའི་ཆབ་སྲིད་རིག་པའི་འབུམ་རམས་པ་ཕེ་ཨའེ་འར·ཕེ་ཁེའར་གྱིས་རི་པིན་གྱི་དམག་འཁྲུག་ཉེས་ཅན་པས་ཀྲུང་གོར་བསགས་པའི་ནག་ཉེས་ཚང་མས་ཀྲུང་གོའི་མི་དམངས་ཀྱི་སེམས་སུ་གསོ་ཐབས་བྲལ་བའི་རྨས་ཁ་བཞག་ཡོད་ཅེས་བཤད།
ཨུ་རུ་སུ་ཚན་རིག་ཁང་རྒྱང་ཤར་ས་ཁུལ་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཡ་ཁོ་ཕུའུ·པེའར་ཀོའར་གྱིས་རི་པིན་དམག་རྒྱལ་རིང་ལུགས་པས་ཀྲུང་གོར་ནག་ཉེས་ཤིན་ཏུ་ཆེན་པོ་བསགས་པ་དེ་ནི་ཀྲུང་གོའི་མི་དམངས་ཀྱིས་སྔར་བཞིན་རི་པིན་བཙན་འཛུལ་གྱི་ལོ་རྒྱུས་སེམས་ལ་བརྟན་པོར་ངེས་རྐྱེན་དེ་རེད་ཅེས་བཤད།
མ་ལེ་ཞི་ཡའི་ཧྲོང་ཝུའེ་སློབ་ཆེན་གྱི་ཞའོ་ཀྲང་གཞོན་པ་ཕན་ཡུང་ཀྲུང་གིས་རི་པིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རིང་། ཀྲུང་གོ་དང་ཨེ་ཤེ་ཡའི་མི་དམངས་ལ་ནག་ཉེས་ཆེན་པོ་བསགས་པའི་དཔང་རྟགས་ཁུངས་བཙན་ཡིན་པ་དང་རི་པིན་གྱི་སྲིད་ཚོང་པ་ཁག་གཅིག་དང་གཡས་ཕྱོགས་གཡས་ནག་པ་ཁག་གཅིག་གིས་ལོ་རྒྱུས་བཟོ་བཅོས་བྱེད་རྩིས་བྱས་པ་དེ་ནི་ལམ་ལྷོངས་བྱུང་ཐབས་བྲལ་བ་ཞིག་ཡིན་ལ། རི་པིན་གྱི་རྒྱ་ཆེའི་མང་ཚོགས་ཀྱི་བློ་གྲོས་ལ་དམའ་འབེབས་ཆེན་པོ་བྱས་པ་ཞིག་ཀྱང་ཡིན་པས་རི་པིན་གྱི་མང་ཚོགས་སྲིད་ཚོང་པ་ཉུང་ཤས་ཀྱི་མགོ་སྐོར་འོག་ཚུད་རྒྱུ་མེད་ཅེས་བཤད།
ཧྥི་ལི་ཕིན་གྱི་རྒྱ་ཡིག་ཚགས་པར་ཆེ་ཤོས《འཛམ་གླིང་ཉིན་རེའི་ཚགས་པར》ཐོག་ཚེས་6ཉིན་ཆེད་བརྗོད་སྤེལ་ནས“བདུན་པའི་ཚེས་བདུན་གྱི་དུས་འགྱུར”བྱུང་ནས་ལོ་77འཁོར་བར་དྲན་གསོ་ཞུས་པ་རེད། ཆེད་བརྗོད་ནང་དམག་འཁྲུག་ལངས་རྗེས་རི་པིན་གཡས་རུ་སྟོབས་ཤུགས་ལ་བཙན་འཛུལ་གྱི་དམག་འཁྲུག་ཁྲོད་ནས་སློབ་གསོ་ཐེབས་མེད་ལ། ཀྲུང་གོ་དང་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་བཙན་འཛུལ་དམག་འཁྲུག་ལ་འགྱོད་རྟོགས་ཀྱང་བྱུང་མེད། ཁོང་ཚོས་དམག་འཁྲུག་རྗེས་ཀྱི་ད་ཆའི་གནས་ཚུལ་ལ་འགྱུར་ལྡོག་བཏང་སྟེ་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ནས་དམག་དོན་གྱི་རྒྱལ་ཁབ་ཅིག་ལ་འགྱུར་རྒྱུའི་རེ་ངན་བཅངས་པ་དེ་རེད་ཅེས་འཁོད་ཡོད།
ཧྥི་ལི་ཕིན《ཕྱིར་སྡོད་རང་མིའི་་གཟའ་འཁོར་དུས་དེབ》ཐོག་ཚེས་6ཉིན་མིང་འགོད་རྩོམ་ཡིག་བཀོད་དེ་རི་པིན་གྱི་མཉམ་སྡེབ་ཀྱི་རང་སྲུང་དབང་ཆ་བཀག་ལྷོད་ནི“དམག་འཁྲུག་ཕྱོགས་སུ་སྐྱོད་པའི་བརྡ་རྟགས”ཤིག་རེད། རི་པིན་གྱི་བཙན་འཛུལ་ཕོག་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་མཐུན་སྒྲིལ་བྱས་ནས་རི་པིན་དམག་རྒྱལ་རིང་ལུགས་རོ་ལངས་རྒྱག་རྒྱུར་ངོ་རྒོལ་དང་བཀག་འགོག་བྱས་ཏེ་ཨེ་ཤེ་ཡའི་ཞི་བདེ་དང་དྲང་བདེན་སྲུང་སྐྱོབ་བྱ་ཆེད་འབད་བརྩོན་བྱེད་དགོས་ལུགས་བསྟན་ཡོད།
(ཟླ་བ་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)