མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སའི་ལས་རིགས་ཁག་གིས་མི་རིགས་ཡོངས་ཀྱིས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་ནས་ལོ་77འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེ་གནང་བ། ཡུས་ཀྲེང་ཧྲེང་གིས་དྲན་གསོའི་མཛད་སྒོ་གཙོ་སྐྱོང་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-09 10:06

    ཟླ་7ཚེས་7ཉིན་རྒྱལ་སའི་ལས་རིགས་ཁག་གིས་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འདུ་འཛོམས་གཟབ་རྒྱས་བྱས་ཏེ་མི་རིགས་ཡོངས་ཀྱིས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་ནས་ལོ་77འཁོར་བར་དྲན་གསོ་ཞུས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དྲན་གསོའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བའི་གནས་ཚུལ་ཡིན་པ།

    ཟླ་7ཚེས་7ཉིན་རྒྱལ་སའི་ལས་རིགས་ཁག་གིས་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འདུ་ཚོགས་གཟབ་རྒྱས་འཚོགས་ནས་མི་རིགས་ཡོངས་ཀྱིས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་ནས་ལོ་བདུན་ཅུ་དོན་བདུན་འཁོར་བར་དྲན་གསོ་ཞུས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དྲན་གསོའི་མཛད་སྒོར་ཞུགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། འདི་ནི་ཞིས་ཅིན་ཕིང་གིས་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་ལོ་ཆུང་བྱིས་པ་ཚོ་དང་མཉམ་དུ་འགོ་ཚུགས་ཀྱི་ཡོལ་འབྱེད་ཐེབས་བཀྱག་མནན་ནས“རང་བཙན་རང་དབང་གི་གཟེངས་རྟགས”བརྐོས་མའི་ཡོལ་བ་འབྱེད་པའི་གནས་ཚུལ་ཡིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེར་དྲན་གསོ་ཞུ། ཞི་བདེ་འཕེལ་རྒྱས་དྲང་བདེན་སྟོབས་ཤུགས་གཅིག་ཏུ་སྒྲིལ། མི་རིགས་ཡོངས་ཀྱིས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་ནས་ལོ་77འཁོར་བའི་སྐབས་དེར་རྒྱལ་སའི་ལས་རིགས་ཁག་གིས་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འདུ་འཛོམས་གཟབ་རྒྱས་ཤིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་ཀྱིས་དམག་འཁྲུག་གི་སྡུག་བསྔལ་བློ་ལ་བརྟན་པོར་ངེས་ཡོད་པས་ཞི་བདེ་ཡོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད། འཛམ་གླིང་གི་ལོ་རྒྱུས་ལ་ལྟ་སྐབས་དྲག་ཤུགས་ལ་བརྟེན་ནས་ཕྱི་ཕྱོགས་ལ་བཙན་འཛུལ་རྒྱ་སྐྱེད་བྱས་ཚད་ཕམ་ཉེས་བྱུང་བ་དེ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་ཡིན་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་ཞི་བདེའི་འོད་ཟེར་དེ་དུས་ནམ་ཡང་མིའི་རིགས་ཀྱི་འཚོ་གནས་བྱེད་སའི་གོ་ལར་འཕྲོ་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་དྲན་གསོའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་དྲན་གསོའི་མཛད་སྒོ་འགོ་ཚུགས་པ་རེད།

    ཞིས་ཅིན་ཕིང་གིས་སྒམ་བརླིང་ངང་སྐས་འཛེག་འཛེགས་ཏེ“རང་བཙན་རང་དབང་གི་གཟེངས་རྟགས”བརྐོས་མའི་མདུན་དུ་ཕེབས་ནས་ཡོལ་འབྱེད་མཐེབ་བཀྱག་མནན་ཏེ“རང་བཙན་རང་དབང་གི་གཟེངས་རྟགས”བརྐོས་མའི་ཡོལ་བ་ཕྱེ་བ་རེད།

    ཞིས་ཅིན་ཕིང་གིས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དེ་རིང་ང་ཚོས་འདི་གར་མི་རིགས་ཡོངས་ཀྱིས་རི་པིན་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་ལངས་ནས་ལོ་77འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ། ཞི་བདེར་བརྩི་མཐོང་། མ་འོངས་ལ་ཉེན་བརྡ་གཏོང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེར་སྲུང་སྐྱོང་བྱེད་དགོས་པ་དེ་རེད་ཅེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། 1937ལོའི་ཟླ་7ཚེས་7ཉིན་རི་པིན་བཙན་འཛུལ་པས་དྲག་ཤུགས་ལ་བརྟེན་ནས་ཀྲུང་གོ་ཡོངས་ཁྱུར་མིད་དུ་གཏོང་རྒྱུའི་ངན་སེམས་བཅངས་ཏེ་མངོན་སུམ་འཛེམས་མེད་ངང་ཝན་ཕིང་གྲོང་ལ་མེ་སྒྱོགས་བརྒྱབ་ནས་རྒྱལ་ཁབ་ཕྱི་ནང་དུ་ཧང་སངས་བའི་ལུའུ་ཀོའུ་ཟམ་པའི་དུས་འགྱུར་བཟོས་པ་རེད། ལུའུ་ཀོའུ་ཟམ་པའི་དུས་འགྱུར་བསླངས་རྗེས་པེ་ཕིང་དང་ཐེན་ཅིན་ཉེན་ཁའི་གནས་སུ་གྱར་བ་དང་། ཀྲུང་ཧྭ་བྱང་རྒྱུད་ཉེན་ཁའི་གནས་སུ་གྱར་བ། ཀྲུང་ཧྭ་མི་རིགས་ཉེན་ཁའི་གནས་སུ་གྱར་བ་ནས། ཀྲུང་ཧྭ་མི་རིགས་ཉེན་ཁ་ཆེ་ཤོས་སླེབས། མི་རིགས་ལ་ཉེན་ཁ་འཕྲད་པའི་དུས་དེར་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཀྱི་བདེན་དོན་འཆང་བ་དང་མི་རིགས་འཇིག་ཉེན་ལས་སྐྱོབ་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཁུར་ནས་གོ་མིན་ཏང་དང་གུང་ཁྲན་ཏང་མཉམ་ལས་རྨང་གཞིར་བྱེད་པའི་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས་ཏེ་རི་པིན་བཙན་འཛུལ་པར་འགོག་རྒོལ་དང་རི་པིན་བཙན་འཛུལ་པ་ཀྲུང་གོ་ནས་མཐར་སྐྲོད་གཏོང་རྒྱུའི་རེ་འབོད་བྱས།

    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་དེ་ནས་བཟུང་འབྲི་ཆུའི་ལྷོ་བྱང་དང་ལྕགས་རིའི་ཕྱི་ནང་དུ་ཡོད་པའི་ཀྲུང་ཧྭ་བུ་ཕྲུག་ཚང་མས་དགྲ་བོའི་མེ་སྒྱོགས་ལ་མི་སྐྲག་པར་མདུན་ཕྱོགས་ཀྱི་གཡུལ་ས་དང་དགྲ་བོའི་རྒྱབ་ཕྱོགས་ཀྱི་གཡུལ་སར་རྒྱལ་གཅེས་དཔོན་དམག་ཁྲི་སྟོང་མང་པོས་ཁྲག་བཏོན་དམར་འཛིང་དང་རང་སྲོག་བློས་གཏོང་དང་། ལས་རིགས་ཁག་གི་མང་ཚོགས་ཚོས་མི་ཁྲི་སེམས་གཅིག་དང་དགྲ་ལ་མཉམ་སྡང་ཐོག་རི་པིན་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དཔའ་བོའི་རྒྱལ་ཁའི་གླུ་དབྱངས་དང་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་གནམ་ས་འགུལ་བའི་ཕྱི་ཕྱོགས་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་སྙན་ངག་ཞིག་བརྩམས་ཡོད།

    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་འདི་གར་རང་བཙན་རང་དབང་གི་གཟེངས་རྟགས་བརྐོས་མའི་ཡོལ་བ་ཕྱེ་བ་དེ་ནི་མི་རིགས་རང་བཙན་རང་དབང་བརྩོན་ལེན་བྱེད་པའི་བརྒྱུད་རིམ་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་བྱེད་མཁན་སྔོན་གཤེགས་དཔའ་བོ་དང་། ཞི་བདེ་དྲང་བདེན་དོན་གཉེར་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་མི་རྣམས། དམག་འཁྲུག་དེའི་ནང་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་བཅས་ལ་དྲན་གསོ་ཞུ་ཆེད་རེད། ང་ཚོས་ནམ་ཡང་ཁོང་ཚོར་རྗེས་དྲན་ཞུ་བ་དང་ཁོང་ཚོ་བློ་ལ་ངེས་དགོས།

    ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་ཀྱིས་རང་བཙན་རང་དབང་བརྩོན་ལེན་བྱེད་པའི་ལོ་རྒྱུས་དེབ་ཐེར་ཐོག་གི་དགའ་སྐྱོ་གཉིས་ལྡན་གྱི་ཤོག་ལྷེ་གཅིག་དང་ཀྲུང་ཧྭ་མི་རིགས་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་དཀའ་བ་ཚད་མེད་སྤྱད་པའི་ལེའུ་ཞིག་རེད། རི་འགོག་དམག་འཁྲུག་བརྒྱུད་རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གོ་རྟོགས་དང་མཐུན་སྒྲིལ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཅིག་ཏུ་སླེབས་ཡོད། རླབས་ཆེན་གྱི་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོ་བཏོད་ནས་མི་རིགས་འཇིག་ཉེན་ལས་སྐྱོབ་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཡོང་བ་དང་། འཛམ་གླིང་གི་ཞི་བདེ་བརྩོན་ལེན་བྱེད་པའི་རླབས་ཆེན་གྱི་བྱ་གཞག་ཆེད་དུ་ལོ་རྒྱུས་དེབ་ཐེར་ནང་བཀྲག་མདངས་ཆེ་བའི་ལེགས་སྐྱེས་ཕུལ་ཡོད།

    ཞིས་ཅིན་ཕིང་གིས་ལོ་རྒྱུས་ནི་ལོ་རྒྱུས་དང་དོན་དངོས་ནི་དོན་དངོས་ཡིན་པས་མི་སུ་འདྲ་ཞིག་ཡིན་ཡང་ལོ་རྒྱུས་དང་དོན་དངོས་ལ་འགྱུར་ལྡོག་གཏོང་མི་ཐུབ། བློས་གཏོང་ཧ་ཅང་ཆེ་བའི་ཀྲུང་གོ་མི་དམངས་ཀྱིས་ཁྲག་དྲོན་དང་ཚེ་སྲོག་གིས་བྲིས་པའི་ལོ་རྒྱུས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་ཡིན། བཙན་འཛུལ་གྱི་ལོ་རྒྱུས་ཁས་མི་ལེན་པ་དང་། འཁྱོག་བཤད། ཐ་ན་མཛེས་བཟོ་བཅས་སུ་འདྲ་ཞིག་གི་བྱེད་བསམ་ན་ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཁས་གཏན་ནས་ལེན་མི་སྲིད་ཅེས་ནན་བཤད་གནང་བ་རེད།

    “ལོ་རྒྱུས་བློ་ལ་ངེས། ཞི་བདེར་གཅེས་སྐྱོང་བྱེད། རྒྱལ་ཁབ་ཀྱི་མཚན་ཤས་བརྗེད་མི་རུང་། ཀྲུང་ཧྭའི་ཕུགས་འདུན་ལེགས་པར་སྒྲུབ”.....དེ་རྗེས་དམ་བཅའ་འཇོག་མཁན་གྱི་སྣེ་ཁྲིད་འོག་དེ་གར་ཡོད་པའི་གཞོན་ནུའི་འཐུས་མི་120དང་གཞོན་ནུ་བྱིས་པའི་འཐུས་མི་120ཡིས་ཁུ་ཚུར་གཡོན་མ་བཀྱག་ནས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་འཇོག་པ་དང་སྐད་གསངས་མཐོ་བའི་གདོང་མཆོང་གི་འབོད་སྒྲ་ནམ་མཁའི་དབྱིངས་སུ་གྲགས་པ་དེ་ཐོག་ནས་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་དང་། ཀྲུང་ཧྭའི་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། རྒྱུན་སྲིང་ཞི་བདེ་དང་ཐུན་མོང་གྲ་རྒྱས་ཞི་མཐུན་གྱི་འཛམ་གླིང་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་བྱེད་པའི་འདོད་བློ་བརྟན་པོ་མངོན་ཡོད།

    རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་། རི་འགོག་དམག་འཁྲུག་ནང་གི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། ཀྲུང་དབྱང་ཏང་སྲིད་དམག་དམངས་འབྲེལ་ཡོད་སྡེ་ཚན་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

    (པ་སངས་སྒྲོལ་ལགས་ཀྱིས་བསྒྱུར། ཀུན་བསོད་ཀྱིས་ཞུས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག