མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁྲག་གིས་འཚོས་པའི་གནའ་མཁར་དུ་། ལོ་རྒྱུས་གོམ་སྒྲ་ཞིབ་པར་ཉན་།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-07-09 10:06

    རྩོམ་སྒྲིག་པའི་སྦྲགས་མཆན།

    འདི་ལོ་ནི་རྒྱལ་རྩེ་དབྱིན་འགོག་དམག་འཁྲུག་བརྒྱབ་ནས་ལོ་110འཁོར་བའི་དྲན་གསོའི་ལོ་ཞིག་རེད། བོད་མི་དམངས་ཀྱིས་ཕྱི་རོལ་གྱི་བཙན་འཛུལ་པར་ངོ་རྒོལ་དང་། མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོབ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་སྲུང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། ཁྱིམ་སྲུང་རྒྱལ་སྐྱོབ་བཅས་ཀྱི་ལོ་རྒྱུས་ཀྱི་བརྗིད་ཉམས་ལྡན་པའི་བྱ་སྤྱོད་དྲིལ་བསྒྲགས་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་དང་མེས་རྒྱལ་གྱི་ལས་དབང་དང་འབྲེལ་ཡོད་ལོ་རྒྱུས་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང་། 《དཔའ་བོའི་མཛད་རྗེས་འཚོལ་བ——རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་བརྒྱབ་ནས་ལོ་110འཁོར་བར་དྲན་གསོ་ཞུ》ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ཏེ་ཀློག་པ་པོར་སྤྱན་འབུལ་ཞུ་རྒྱུ་ཡིན།

འདི་ནི་རྒྱལ་རྩེ་རྫོང་རིའི་རྩེ་མོར། གསར་འགོད་པས་རྫོང་རིའི་དོ་དམ་པ་ལྷག་པ་དོན་གྲུབ་ལ་བཅར་འདྲི་བྱེད་བཞིན་པ།

    ལོ་110གོང་གི་1904ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ས་ཆ་རྒྱ་སྐྱེད་གཏོང་བའི་ཧམ་སེམས་འོག ཁོང་ཚོའི་མི(དོན་དུ་གསང་མྱུལ་ཡིན་པ)བོད་དབང་འཛིན་ལས་ཁུངས་ཀྱིས་བཟུང་བ་དང་། ནེ་པ་ལའི་ཕྱུགས་ཟོག་བོད་ཀྱི་ཁོངས་སུ་འཛུལ་བ་བོད་མིས་ཕྱིར་བསྐྲད་པ། དབྱིན་ཇིའི་ཁེ་ཕན་ལ་འཇིགས་སྐུལ་ཕོག་པ་སོགས་ལ་ཁ་གཡར་ནས་ཀྲུང་གོའི་ཆིང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་ལ་ཧམ་ཤེད་སྐྱོན་འཛུགས་བྱས་ཤིང་། སྟོབས་ཤུགས་དང་དམག་ཤུགས་ཧ་ཅང་ཆེ་བའི“ཕོ་ཉའི་ཚོགས་པ”ཞིག་སྒྲིག་འཛུགས་བྱས་ནས་བོད་ལ་འཛེམ་བག་མེད་པར་བཙན་འཛུལ་བྱས་པ་རེད།

    ང་ཚོ《དཔའ་བོའི་མཛད་རྗེས་འཚོལ་བ》ཞེས་པའི་བཅར་འདྲི་འཕྲིན་སྤེལ་ཚོགས་ཆུང་ལ་མྱང་ཆུ་གཙང་པོ་ནས་ལོ་བརྒྱའི་གོང་ལུང་གཞུང་དེར་ཐོན་པའི་ཁྲག་དྲི་བྲོ་ཞིང་ཡིད་སྐྱོ་བ། བརྗིད་ཉམས་ལྡན་པའི་དམག་འཐབ་དེ་སླར་ཡང་ཚོར་བྱུང་ལ། ལོ་བརྒྱའི་རྗེས་ཀྱི“རོང་ས་དམར་པོར”གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་དུས་རབས་ཀྱི་འགྱུར་ལྡོག་བྱུང་ཚུལ་ཡང་ཚོར་བྱུང་།

    རྫོང་རིའི་མཁར་རྫོང་གི་མཐོ་ཞིང་བརྗིད་པའི་ཕྱི་དབྱིབས་དང་། ལྷག་པར་དུ་ཉམ་ཐག་ཅིང་བརྗིད་ཉམས་ལྡན་པའི་རྒྱལ་རྩེ་སྲུང་སྐྱོབ་དམག་འཁྲུག་དེས་རྐྱེན་པས། རྫོང་རི་དེ་སྔ་ས་ནས“དཔའ་བོའི་གྲོང་ཁྱེར”རྒྱལ་རྩེའི“ས་གཤིས་མཚོན་རྟགས”སུ་གྱུར་ཅིང་། ང་ཚོའི་བཅར་འདྲིར་བསྐྱོད་ཡུལ་དང་པོའང་རྫོང་རི་ཡིན་པ་སྨོས་ཅི་དགོས།

    བཅར་འདྲི་བྱ་ཡུལ་འཚོལ་སྐབས། “རྫོང་དཔོན”ཞིག་གིས་ང་ཚོའི་བཅར་འདྲི་དང་ལེན་བྱས་པས། ང་ཚོར་སྤྲོ་བ་དཔག་མེད་སྐྱེས་བྱུང་།

    དེ་སྔ“རྫོང་དཔོན”གྱི་ལས་ཤག་ཡིན་པའི་རྫོང་རིའི་གནས་བཤད་པ་དང་དོ་དམ་པ་བྱས་ནས་ལོ་29སོང་བའི་ལྷག་པ་དོན་གྲུབ་ཀྱིས་ང་ཚོའི་བཅར་འདྲི་དང་ལེན་གནང་བ་རེད། ད་ལྟ་མི་ཚོས་ཁོང་གི་མིང་དངོས་ནས་མི་འབོད་པར། ཁོང་ལ“རྫོང་དཔོན་ལགས”ཞེས་འབོད་ཀྱི་ཡོད།

    རྫོང་རིའི་ཐང་ཆེན་གྱི་དབྱིན་འགོག་དྲན་གསོའི་རྡོ་རིང་ཉམས་བཟོ་བྱེད་བཞིན་འདུག་ལ། དབྱིན་འགོག་བཤམས་སྟོན་ཁང་ལ་ཡང་ཉམས་བཟོ་མཛེས་རྒྱན་སྤྲོད་བཞིན་འདུག རྒྱལ་རྩེ་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་110འཁོར་བའི་དྲན་གསོའི་ཉིན་མོ་འཆར་ཉེར་ཡོད་པའི་རྐྱེན་གྱིས། “རྫོང་དཔོན་ལགས”ཀྱང་ལོ་གཅིག་ནང་བྲེལ་བ་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད། ཁོང་གིས་ལས་གྲྭ་དང་རྣམ་གྲངས་དེ་དག་ལ་ལྟ་སྐུལ་དོ་དམ་བྱེད་དགོས་པ་མ་ཟད། ད་དུང་ལས་དོན་ཚོགས་ཆུང་དང་བཅར་འདྲི་ཚོགས་པ་སྣ་ཚོགས་ལ་སྣེ་ལེན་ཞུ་དགོས་ཀྱི་ཡོད། ཁོང་ཡང་རྒྱལ་རྩེ་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་110འཁོར་བའི་དྲན་གསོར་ཕྱག་རྟགས་སུ་ཕུལ་བའི་དངོས་ལྗོངས་ཟློས་གར་ཆེ་གྲས《རྒྱལ་རྩེའི་བག་ཆགས》ཞེས་པའི་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣ་འབའ་ཞིག་དེ་ཡིན་པར་བརྟེན། དེ་བས་བྲེལ་འཚུབ་ཆེ།

    ང་ཚོ་བཅར་འདྲི་བྱེད་པའི་ཉིན་དེར། 《རྒྱལ་རྩེའི་བག་ཆགས》ཞེས་པ་ཐོག་མར་གར་སྟེགས་སུ་ནང་སྦྱོང་བྱེད་བཞིན་འདུག ཞོགས་པའི་ཆུ་ཚོད་7པ་ཙམ་ལ“རྫོང་དཔོན་ལགས”ཀྱིས་འཁྲབ་སྟོན་ཚོགས་པར་མཁོ་བའི་སྒྲོག་ཙེ་རྐུབ་སྟེགས་དང་གློག་སྐུད་སྒྲ་དུང་སོགས་འཁྲབ་སྟོན་བྱ་ཡུལ་དུ་བསྐྱལ་ནས་ཚང་མ་གྲ་སྒྲིག་བྱས་ཟིན། འོན་ཀྱང་ང་ཚོ་རྫོང་རིར་སྐྱོད་པའི་ལམ་བར་དུ་འཁྲབ་སྟོན་ཚོགས་པར་མཐུན་སྦྱོར་བྱེད་དགོས་པའི་ཁ་པར་ཡང་ཡང་འབྱོར་གྱི་འདུག

    རྫོང་དཔོན་ལགས་ཀྱིས་ཁ་པར་ནས་ལས་དོན་བཀོད་སྒྲིག་བྱས་རྗེས། ང་ཚོར་རྒྱལ་རྩེའི་ལོ་རྒྱུས་དང་རྫོང་རིའི་སྲུང་སྐྱོབ་དམག་གི་སྐོར་བྱང་ཆུབ་པའི་སྒོ་ནས་བཤད་ཅིང་། ལྷག་པར་དུ་སྤྱི་ཚོགས་གསར་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པའི་རྫོང་རིས་བཏོན་པའི་ནུས་པར་དེ་བས་རྒྱུས་མངའ་ཤིན་ཏུ་ཆེ།

    ལོ་རྒྱུས་ཐོག་རྒྱལ་རྩེའི་ཁུལ་ལ་མྱང་སྟོད་ཅེས་འབོད་པ་དེ་ནི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ལས་མྱང་རུ་སོགས་ཚོ་པ་ཆུང་བ་བཞི་ཡི་དབར་སྒྱུར་བྱ་ཁུལ་རེད། བོད་བཙན་པོའི་གདུང་རྒྱུད་འོད་སྲུང་གི་རྗེས་རབས་དཔལ་འཁོར་བཙན་དང་དེ་བཞིན་ཁོང་ཚོའི་བུ་ཕྲུག་གིས་རྒྱལ་རྩེར་དབང་སྒྱུར་བྱེད་སྐབས། དཔལ་མགོན་གཙང་གིས་རྫོང་རིར་མཁར་རྫོང་བསྐྲུན་པ་དང་འབྲེལ། “རྒྱལ་རྩེ”ཞེས་མིང་དངོས་སུ་བཏགས་པ་དེའི་གོ་དོན་ནི“རྒྱལ་མཁར་རྩེ”ཟེར། དེ་རྗེས་རྫོང་རི་རིམ་བཞིན་རྒྱལ་རྩེ་རྫོང་སྲིད་གཞུང་གི་ལས་ཤག་ཏུ་གྱུར་པ་རེད།

    “དེར་བརྟེན་རྫོང་རི་ནི་རྒྱལ་རྩེའི་མི་དམངས་ཀྱིས་དབྱིན་ཇི་བཙན་འཛུལ་པར་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཡིན་ལ། ད་ཆ་ཉར་ཚགས་ལེགས་ཤོས་བྱས་པའི་བོད་རྙིང་པའི་རྫོང་སྲིད་གཞུང་གི་མཁར་ཤུལ་འབའ་ཞིག་དེའང་རེད”ཅེས་རྫོང་དཔོན་ལགས་ཀྱིས་བཤད།

    རྫོང་དཔོན་ལགས་ཀྱིས་རྫོང་རིའི་ལོ་རྒྱུས་གླེང་སྐབས། རྒྱལ་རྩེ་སྲུང་སྐྱོབ་དམག་ལ་ཞུགས་མཁན་གྱི་ཉིང་ཁྲིའི་ཨ་དར་ཉི་མ་དང་ཨ་དར་གྲགས་པ་གཅེན་གཅུང་གཉིས་པོར་གུས་བཀུར་ཆེན་པོ་བྱེད། འོན་ཀྱང་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ནེ་པ་ལ་སོགས་རྒྱལ་ཁབ་ཀྱིས་སྟོབས་འབྱོར་ཡོད་མཁན་ལ་ངོ་དགའ་དང་རྒྱབ་རྟེན་བཅོལ་ཅིང་། ངན་པར་ངན་རོགས་བྱས་ནས་དབྱིན་དམག་གིས་བོད་ལ་བཙན་འཛུལ་བྱེད་པའི་བྱེད་སྤྱོད་ནང་ཞེ་ཁྲེལ་བའི་བྱ་སྤྱོད་སྤེལ་བས་ཁོང་ཁྲོ་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག

    དངོས་འབྲེལ་སྐབས་དེ་དུས་ཀྱི“ཁྱིམ་མཚེས”དེ་དག་གིས་འོན་རྫུ་བཏབ་པའམ་ཡང་ན་བཙན་འཛུལ་དམག་ལ་མི་རྒྱུ་མཁོ་འདོན་བྱས་ཤིང་། ཐ་ན་གདོང་སྐྱོད་པ་བྱས་ནས་བོད་ས་གནས་སྲིད་གཞུང་བསླུས་པ་དང་འཇིགས་སྣང་བསྐུལ་ནས་ཁོང་ཚོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་ཁུངས་ལུང་མེད་པའི་རེ་བ་དང་ལེན་བྱེད་དུ་བཅུག་པ་རེད།

    དབྱིན་ཇི་བཙན་འཛུལ་པར་དཔའ་མཛངས་ཆེན་པོས་འགོག་རྒོལ་བྱས་པའི་ལོ་རྒྱུས་ཀྱི་བདེན་དཔང་དང་། བོད་རྙིང་པའི་རྫོང་སྲིད་གཞུང་གི་ཨར་ལས་རྗེས་ཤུལ་ཡིན་པའི་རྫོང་རི་ནི། སྤྱི་ཚོགས་གསར་པར་ལོ་རྒྱུས་སློབ་ཚན་འཁྲིད་ས་དང་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་རླབས་ཆེན་ལ་རྒྱང་ལྟ་བྱེད་པའི་གནས་སུ་གྱུར་ཡོད།

    ལྟ་སྐོར་ཚོགས་པ་སླེབས་སྐབས། གནས་བཤད་པ“རྫོང་དཔོན་ལགས”ཆེས་བྲེལ་བ་ཆེ་བའི་དུས་ཡིན་པ་མ་ཟད། ཁོང་ཆེས་དགའ་སྤྲོ་འཁོལ་བའི་དུས་ཀྱང་རེད།

    “ང་ལས་བྲེལ་ལ་དགའ། ལས་མེད་དུ་བསྡད་ན་སྐྱིད་པོ་མི་འདུག”

    “དེས་མ་ཟད་ངའི་ལས་ཀ་འདིས་མི་རྣམས་ཀྱི་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་ཁར། ད་དུང་མི་དེ་བས་མང་བ་ཞིག་ལ་བོད་གསར་འཛུགས་སྐྲུན་ལ་ལེགས་སྐྱེལ་འབུལ་རྒྱུའི་སྐུལ་ལྕག་ཀྱང་གཏོང་ཐུབ”ཅེས“རྫོང་དཔོན་ལགས”ཀྱིས་བཤད།

    ཡོང་འབབ་ཕྲན་བུ་ལས་མེད་རྐྱེན། “རྫོང་དཔོན་ལགས”ཀྱི་བསམ་བློར་གཡོ་འགུལ་ཐེབས་མྱོང་ཡོད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་དང་འཇོན་ཐང་ལ་བརྟེན་ནས་འཚོ་བ་དེ་བས་ཡག་པ་ཞིག་བསྐྱལ་ཐུབ་ངེས་རེད་བསམ་མྱོང་།

    “ཡིན་ན་ཡང་རྫོང་རིའི་གནས་བཤད་པ་དང་དོ་དམ་པའི་ལས་ཀས་ང་ལ་གཟི་བརྗིད་སྟེར་ནུས་པ་མ་ཟད། ང་རང་དངོས་གནས་དགའ་བའི་ལས་ཀ་ཞིག་ཡིན། རང་ཉིད་ལས་ཀ་འདིར་དངོས་གནས་དགའ་པོ་ཡོད་གཤིས། མཐའ་འཁྱོངས་མི་ཐུབ་ག་ལ་སྲིད”

    མིག་སྔར་ལོ་48ལ་སོན་པའི“རྫོང་དཔོན་ལགས”ལ་ཟླ་རེར་གླ་ཕོགས་སྒོར་1000ལྷག་ཙམ་ལས་མེད་མོད། ཡིན་ན་ཡང་ཚན་པས་གཅིག་གྱུར་འཆར་འགོད་འོག་སྤྱི་ཚོགས་འགན་བཅོལ་ལ་ཞུགས་ཡོད། ཁོང་གིས“མ་འོངས་སྤྱི་ཚོགས་འགན་བཅོལ་གྱི་གླ་ཕོགས་བླང་ཆོག་པས། ཚེ་མཇུག་ལ་སེམས་ཁྲལ་མི་འདུག”ཅེས་བཤད།

    “རྫོང་དཔོན་ལགས”དང་མཉམ་དུ་རི་བོ་འདིའི་སྒང་དང་ལུང་པ་འདིའི་གཞུང་དུ་བྱུང་བའི་ལོ་རྒྱུས་ཀྱི་སྐྱོ་གར་ལ་ཉན་བཞིན་ཉན་བཞིན་རྫོང་རིའི་གནའ་བོའི་མཁར་རྫོང་དུ་སླེབས་བྱུང་། རྒྱལ་རྩེའི་ལུང་གཞུང་དུ་རྒྱང་ལྟ་བྱེད་སྐབས། “མྱང་སྟོད་གསེར་གྱི་གཞོང་པ”ཞེས་པའི་མཚན་སྙན་ལྡན་པའི་ས་ཆ་འདི་ནི་དབུས་གཙང་གཉིས་ཀྱི་འབྲེལ་ལམ་གཙོ་བོ་དང་གྲོ་མོའི་ཚོང་འགྲུལ་གྲོང་ཁྱེར་དུ་བགྲོད་པར་ངེས་པར་དུ་བརྒྱུད་དགོས་པའི་ས་ཡིན་པས། སྔར་ནས་ད་བར་དུ་གྲོང་ཁྱེར་གལ་ཆེན་ཞིག་ཡིན་ཞིང་། ཡུལ་ཐབས་མེ་སྒྱོགས་དང་། རྫས་མདའ། རལ་གྲི། མདའ་གཞུ་སོགས་སྤྱད་དེ་བཙན་འཛུལ་པ་དང་ཉིན་མཚན་གསུམ་དམར་འཛིང་བྱས་པའི་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་ལས། “དཔའ་བོའི་གྲོང”ཞེས་གྲགས། ཀྲུང་གོའི་མི་དམངས་མཐུན་སྒྲིལ་བྱས་ནས་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་རླབས་ཆེན་ཕུགས་འདུན་མངོན་འགྱུར་ཧུར་ཐག་བྱེད་པའི་རླབས་ཆེན་གྱི་དུས་རབས་ཤིག་དང་ཕྲད་པས། སྐྱེ་སྟོབས་ཀྱི་དཔལ་འབར་བ་ཞིག་རེད།

    སྔོན་ཆད《རོང་ས་དམར་པོ》ཞེས་པའི་གློག་བརྙན་དེས་དུས་སྐབས་དེའི་ལོ་རྒྱུས་ཀྱི་ཟློས་གར་ཡང་བསྐྱར་འཁྲབ་ཅིང་། ད་ཆ་ནང་སྦྱོང་བྱེད་བཞིན་པའི《རྒྱལ་རྩེའི་བག་ཆགས》ཞེས་པའི་གློག་བརྙན་ལས་ཀྱང་། དངོས་ལྗོངས་ཟློས་གར་གྱི་རྣམ་པ་ནས་མྱང་ཆུའི་ལུང་གཞུང་གི་ལོ་རྒྱུས་ཟློས་གར་བསྐྱར་དུ་སྟོན་རེ་ཡོད།

    དམག་འཁྲུག་གི་དཔྱད་གཞིའི་ཡིག་ཆ།

    དབྱིན་དམག་གིས་རྩེ་ཆེན་དགོན་པ་དང་། བྲག་ཁུད་གཞིས་ཀ ཕ་ལྷ་གྲོང་ཚོ་བཅས་གཏོར་རྗེས། རྩེ་ཆེན་དགོན་པ་དང་། ཕ་ལྷ་གྲོང་ཚོ། ལྕང་ལྷོ་གླིང་ཁ་བཅས་རྟེན་གཞིར་བྱས་ནས་རྫོང་རི་དང་དེ་བཞིན་རྒྱལ་རྩེའི་ཁྲོམ་གཞུང་བསྐོར། ལམ་མདོ་དང་སྲང་ལམ་བཀག་ནས་རྫོང་རི་དང་ཕྱི་ཕྱོགས་ཀྱི་འབྲེལ་བ་བཅད།

    ཟླ་7ཚེས་5ཉིན་གྱི་མཚན་མོའི་ཆུ་ཚོད་དང་པོར་དབྱིན་དམག་གིས་ཕྱོགས་གསུམ་ནས་དཔུང་འཇུག་བྱས་ཤིང་། ཕྱོགས་གཅིག་གིས་ལམ་བར་དུ་རྒྱལ་རྩེ་གྲོང་ཁྱེར་ལ་རྒོལ་རྡུང་བཏང་སྟེ། དགོང་མོའི་ཆུ་ཚོད་7པ་བར་དམག་འཐབ་དྲག་པོ་བྱས་པས་རྒྱལ་རྩེ་གྲོང་ཁྱེར་དགྲ་ལག་ཏུ་ཤོར། དེའི་རིང་དབྱིན་དམག་གི་མ་བྱན་ཆེན་པོ་ཞིག་མེ་མདའ་བརྒྱབ་ནས་བསད། དབྱིན་དམག་ཕྱོགས་གཞན་པ་གཉིས་ཀྱིས་མེ་སྒྱོགས་ཀྱི་འགེབས་སྲུང་འོག་རྫོང་རིར་དཔུང་འཇུག་དྲག་པོ་བྱས། འོན་ཀྱང་བོད་དམག་སྟོང་ཕྲག་ཁ་ཤས་ཀྱིས་མཁར་རྫོང་བརྟན་སྲུང་བྱས་ཏེ་རྫས་མདའ་དང་། ཡུལ་ཐབས་ཀྱི་མེ་སྒྱོགས། མདའ་གཞུ་བཅས་སྤྱད་དེ་དབྱིན་དམག་ལ་ཕར་རྒོལ་ཐེངས་མང་བྱས།

    ཟླ་7ཚེས་6ཉིན་དབྱིན་དམག་གིས་མེ་སྒྱོགས་གཅིག་སྡུད་བརྒྱབ་ནས་མཁའ་འགྲོ་རི་བོ་དང་ལྕང་ལྷོ་གླིང་ཁའི་རྟེན་གཞི་གཉིས་ནས་རྫོང་རིར་དཔུང་འཇུག་དྲག་པོ་བྱས། འོན་ཀྱང་རྫོང་སྲུང་དམག་མིས་ཕར་རྒོལ་མཐའ་གཅིག་ཏུ་བྱས་པས། དབྱིན་དམག་གི་རྐང་དམག་རྫོང་རིར་བཅར་ཐབས་བྲལ། སྐབས་དེར་འབར་རྫས་ལེན་མཁན་བོད་དམག་དམག་དཀྱུས་ཤིག་གིས་གཟབ་གཟབ་མ་བྱས་སྟབས། རྫོང་རིའི་འབར་རྫས་མཛོད་ཁང་ལ་མེ་ཤོར་ནས་མེ་ལྕེ་དང་དུ་བ་ནམ་མཁར་འཕྱུར།

    དབྱིན་དམག་གིས་གོ་སྐབས་དེ་སྤྱད་དེ་དཔུང་སྡེ་མངགས་ནས་མེ་མདའ་དང་མེ་སྒྱོགས་ཀྱི་འགེབས་སྲུང་འོག་ལྕང་ལྷོ་གླིང་ཁ་ནས་སློབ་ར(བོད་དམག་སྦྱོང་བརྡར་བྱ་ཡུལ)དང་། དེ་ནས་རྫོང་མདུན(ད་ཆའི་རྫོང་མདུན་གྲོང་ལྷན)དང་མཐར་རྫོང་རིར་གདོང་མཆོང་བྱས། དཔའ་ངར་ཆེ་བའི་རྫོང་སྲུང་དམག་མིས་རྡོ་དང་། དབྱུག་པ། འུར་རྡོ་སོགས་སྤྱད་དེ་དབྱིན་དམག་དང་དམག་འཐབ་དྲག་པོ་མཐའ་འཁྱོལ་བྱས། མཐར་དབྱིན་དམག་རྫོང་རིའི་སྟེང་དུ་བཤོར་ནས་ཕྱོགས་གཉིས་དབར་དམར་འཛིང་བྱས་པས། རྫོང་རིར་ཁྲག་གི་རྒྱ་མཚོ་འཁྱིལ།

    མི་གཅིག་གིས་མི་བརྒྱ་ཡི་ཁ་མི་ཆོད། གྱང་གཅིག་གིས་ཕྱོགས་བཞིའི་རླུང་མི་ཁོགས་ཞེས་པའི་དཔེ་ལྟར། ཟླ་7ཚེས་7ཉིན་མཐར་རྫོང་རི་དགྲ་ལག་ཏུ་ཤོར། བོད་དམག་དཔའ་བརྟུལ་ལྷག་མ་རྣམས་གཡང་ལ་མཆོངས་ནས་རང་སྲོག་བློས་གཏོང་བྱས་པས། མི་གཅིག་ཀྱང་འཛིན་བཟུང་ཐུབ་མེད་ལ། མི་གཅིག་གིས་ཀྱང་མགོ་བོ་བསྒུར་མེད།

    1961ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་སྲིད་གཞུང་གིས་རྫོང་རི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ཡོངས་བསྒྲགས་བྱས་པ་རེད།

    —— 《རྒྱལ་རྩེ་རྫོང་གི་འབྱུང་རབས》གཞིར་བཟུང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག