
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བདུན་ཉིན་པེ་ཅིན་ནས་ལས་འཛིན་དཔོན་པོ་ལེ་ཀྲིན་དབྱིས་ཀྱིས་ཁྲིད་པའི་ཐེ་ཝན་ཚོང་ལས་སྤྱིའི་ཚོགས་པའི་སྐམ་ས་ཆེན་པོའི་དཔལ་འབྱོར་ཉོ་ཚོང་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་། མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་ཐེ་ཝན་ཚོང་ལས་སྤྱིའི་ཚོགས་པས་ལོ་མང་པོའི་རིང་ལ་མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལ་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་མཛད། ཁོང་གིས་དེང་སྐབས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས། མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་སོ་སོས་ཕན་ཚུན་ལ་སྐུལ་འདེད་གཏོང་བ་དང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས་མུ་མཐུད་དུ་ཐུན་མོང་ལྟ་ཚུལ་ཇེ་མང་དུ་གཏོང་བ་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་གསུངས། །