མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 10:41

ཟླ་བདུན་པའི་ཚེས་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བདུན་ཉིན་པེ་ཅིན་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་ལ་མཇལ་འཕྲད་གནང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བའི་འཐབ་ཇུས་ནང་དོན་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་གཉིས་ནི་འཐབ་ཇུས་གྲོགས་པོ་ཡིན་ལ། རྒྱལ་ཁབ་ཆེན་པོའང་ཡིན་པས། ཕྱོགས་གཉིས་ཀྱིས་འཛམ་གླིང་གི་སྟེང་ནས་ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་དགོས་པར་མ་ཟད། ཕན་ཚུན་ལ་བརྩི་འཇོག་དང་། ཕན་ཚུན་ལ་བཟོད་སྒོམ། ཕན་ཚུན་ལ་དཔྱད་གཞིར་འཛིན་པ་བཅས་བྱས་ནས། འཐབ་ཇུས་ཀྱི་སྒོ་ནས་མཐུན་སྦྱོར་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། མཉམ་དུ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་བྱེད་པ་དང་རྒྱལ་སྤྱིའི་མ་ལག་འཕེལ་རྒྱས་སུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར།

མའོ་ཁི་ཨེར་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་འཇར་མན་དང་ཀྲུང་གོ་སྲིད་གཞུང་བར་གྱི་གྲོས་མོལ་ནང་རྐྱེན་གྱི་ནུས་པར་བརྟེན་ནས་རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་ལ་ཤུགས་སྣོན་པ་དང་། གསར་བསྐྲུན་མཉམ་ལས་བྱས་ཏེ། དངུལ་ལོར་དང་བཟོ་ལས་ཆ་འཕྲིན་ཅན། མཁའ་འགྲུལ་མཁའ་སྐྱོད། སྤྱི་ཚོགས་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་རེ་བ་བྱེད་བཞིན་ཡོད་ལ། འཇར་མན་ཕྱོགས་ཀྱིས་དངུལ་གཏོང་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་འཇར་མན་དུ་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། ནུས་ལྡན་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་མི་སྣའི་བར་གྱི་འགྲོ་འོང་ལ་མཐུན་རྐྱེན་བསྐྲུན་འདོད་ཡོད་ཟེར།

མའོ་ཁི་ཨེར་གྱིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་བཅོས་བསྒྱུར་དང་། དངུལ་བུན་ཉེན་ཁ་སེལ་བའི་གནས་ཚུལ་མཚམས་སྦྱོང་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།   

ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་སྐྱོང་སྲིད་འཛིན་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག