

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར་ཏིའོ་ཡུས་ཐའེ་ཡང་ཡོན་ཀྲའེ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་མའོ་ཁི་ཨེར་ཡང་བསྐྱར་འཇར་མན་གྱི་ཙུང་ལིར་བདམས་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ལིས་ཁི་ཆང་གིས་གསུངས་རྒྱུར། འཇར་མན་ནི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན་ལ། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་མཉམ་ལས་ཀྱི་ཆུ་ཚད་མཐོན་པོ་ཞིག་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་འཇར་མན་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།
ལིས་ཁི་ཆང་གིས་གསུངས་རྒྱུར། ཙུང་ལི་མའོ་ཁི་ཨེར་གྱིས་ཅུང་མ་འགོར་བའི་སྔོན་ཁྲིན་ཏུའུ་ལ་འཚམས་འདྲི་བྱས་པ་དེ། ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་འཇར་མན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཕན་པ་ཡོད། ངས་ཙུང་ལི་མའོ་ཁི་ཨར་དང་དངོས་སུ་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། རྒྱུན་མཐུད་འཕེལ་རྒྱས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཐད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་ཐུབ་པར་རེ་སྒུག་བྱས་ཡོད་ཟེར།
མའོ་ཁི་ཨེར་གྱིས་བཤད་རྒྱུར། འཇར་མན་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཧ་ཅང་གལ་ཆེ་བས། རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དེ་ཕྱོགས་གཉིས་ལ་ཕན་པ་ཡོད་པར་མ་ཟད། འཛམ་གླིང་སྟེང་ཡང་ཤན་ཤུགས་བཟང་བོ་ཐེབས་སྲིད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དང་མཐུན་སྦྱོར་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། །