ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཟླ་བདུན་པའི་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གསུང་བཤད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བཅུ་གཅིག་གིས་གཏམ་བཤད་སྤེལ་ནས། མཐའ་གཅིག་ཏུ་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞིའི་ཁ་ཕྱོགས་ཡང་དག་དང་རིག་ལམ་གསལ་བོ་ཡིན་ལ། བྱེད་ཐབས་ནུས་ལྡན་དང་རྒྱུད་རིམ་བརྟན་བརླིང་ཡིན་པས། བཅོས་བསྒྱུར་བྱེད་ཐབས་དེ་དག་གིས་ཁྲིམས་འཛིན་དོ་དམ་སྒྲིག་གཞི་སྔར་ལས་འཐུས་ཚང་དང་། ཁྲིམས་འཛིན་དབང་ཆའི་ལག་བསྟར་ཚད་ལྡན་དུ་གཏོང་བ་དང་། ཧུར་ཐག་གིས་ལྟ་སྐུལ་ཚོད་འཛིན་ཐད་ཀྱི་ཕན་འབྲས་མཐོར་འདེགས་བྱེད་པ། དྲང་གཞག་དང་ཕན་པ་ཆེ་བ། དབང་སྲིད་ཅན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་ལམ་ལུགས་འཐུས་ཇེ་ཚང་དང་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པའི་རྐྱེན་གྱིས། ཁྲིམས་ལྟར་གོ་རིམ་ལྡན་པ་དང་བརྟན་བརླིང་ངང་སྤེལ་ནས། བཅོས་བསྒྱུར་གྱི་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་རྒྱུའི་ཚུལ་བསྟན།
ཨུ་ཡོན་ཚོས། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ནི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བརྗོད་གཞི་གལ་ཆེན་ཡིན་པ་དང་། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་བྱེད་དགོས་ན། ཏང་གི་མགོ་ཁྲིད་དང་ལག་ལེན་ཁྲོད་ནས་འཚོལ་ཞིབ་བྱེད་པ། ཁྲིམས་ལ་ཁུངས་ལུངས་འཛིན་ས་ཡོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། འབུར་ཐོན་གནད་དོན་ཐག་གཅོད་དགོས་ལ། ཁྲིམས་འཛིན་ཆེད་ལས་ཅན་དུ་བསྒྱུར་བར་ཤུགས་སྣོན་པ་དང་། ཁྲིམས་འཛིན་མི་སྣས་རིགས་བགར་ནས་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཁྲིམས་ཁང་གི་ཡོན་ཀྲང་དང་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོའི་འགན་ཁུར་མཁན་ལ་དེར་བསྟུན་གྱི་བཅའ་ཁྲིམས་ཆེད་ལས་དང་བཅའ་ཁྲིམས་ལས་རིགས་ཀྱི་རྒྱབ་ལྗོངས་ཡོད་དགོས། ཚན་རིག་ལྟར་ཁྲིམས་དཔོན་དང་ཞིབ་དཔྱོད་པ་འདེམ་པའི་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། ཕྱིར་བསྒྲགས་དང་ཁ་གསལ་བ། དམངས་གཙོ་ཅན། རིགས་སྣ་མང་བའི་འདེམ་བསྐོ་སྒྲིག་གཞི་འཛུགས་དགོས་པ་བཅས་ཀྱི་གྲོས་གཞི་བཏོན། ཡུས་ཀྲིན་ཧྲིན་གྱིས་ཨུ་ཡོན་ཚོའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་པ་མ་ཟད་ཁོ་ཚོ་དང་བསམ་བློ་བརྗེ་རེས་བྱས། །