
ཟླ་བདུན་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧྲིག་ཨེར་ནས་ཧན་གོའི་ཙུང་ཐུང་ཕིའོ་ཅིན་ཧོས་དང་གྲོས་མོལ་མཛད། གྲོས་མོལ་གྱི་སྔོན་ལ་ཕིའོ་ཅིན་ཧོས་ཀྱིས་ཆིན་ཝ་ཐའེ་ཙུང་ཐུང་བཞུགས་ཤག་ནས་ཞི་ཅིན་ཕེན་ལ་དགའ་བསུ་ཞུ་བའི་མཛད་སྒོ་རྒྱ་ཆེན་པོ་བསྡུས།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཕིའོ་ཅིན་ཧོས་ཀྱིས་ཚེས་གསུམ་ཉིན་གྱི་ཕྱི་དྲོར་ཆིན་ཝ་ཐའེ་ཙུང་ཐུང་བཞུགས་ཤག་ནས་མཛད་སྒོ་རྒྱ་ཆེན་པོ་བསྡུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་སོགས་ལ་བསུ་བ་ཞུས།
དགའ་བསུ་ཞུ་བའི་མཛད་སྒོ་མཇུག་རྫོིགས་རྗེས། ཞི་ཅིན་ཕེན་དང་ཕིའོ་ཅིན་ཧོས་གཉིས་ཀྱིས་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཧན་གོ་གཉིས་བར་གྱི་མཉམ་ལས་ལ་གདེང་འཇོག་གང་ལེགས་མཛད་དེ། ཀྲུང་གོ་དང་ཧན་གོ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། གནས་བབ་གསར་བའི་འོག་གི་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཇུས་འགོད་བྱས་ཏེ། ཐུན་མོང་གི་ལྟ་བ་གསར་བ་མང་པོ་བཞག རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཧན་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་བཏང་སྟེ། རྒྱལ་ཁབ་གཉིས་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གྲོགས་པོ་དང་། ས་ཁུལ་ཞི་བདེ་ཡོང་བར་འབད་པ་བྱེད་པའི་གྲོགས་པོ། ལག་གདང་སྦྲེལ་ནས་ཨེ་ཤ་ཡ་དར་རྒྱས་སུ་གཏོང་བའི་གྲོགས་པོ། འཛམ་གླིང་དར་རྒྱས་སུ་གཏོང་བའི་གྲོགས་པོ་བཅས་སུ་བསྒྱུར་རྒྱུའི་ཐག་བཅད།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལྟ། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་འབྱུང་བའི་མགོ་ཚུགས་ས་གསར་བར་གནས་ཡོད་པས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་ལོངས་སུ་སྤྱོད་པ་དང་། མཉམ་དུ་འགྲན་རྩོད་ལ་ཁ་གཏད་མཇལ་བ། མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གྲོགས་པོ་དང་། ས་ཁུལ་ཞི་བདེ་ཡོང་བར་འབད་པ་བྱེད་པའི་གྲོགས་པོ། ལག་གདང་སྦྲེལ་ནས་ཨེ་ཤ་ཡ་དར་རྒྱས་སུ་གཏོང་བའི་གྲོགས་པོ། འཛམ་གླིང་དར་རྒྱས་སུ་གཏོང་བའི་གྲོགས་པོ་བཅས་སུ་བསྒྱུར་བར་འབད་བརྩོན་བྱེད་དགོས་པར་མ་ཟད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ། ཕྱོགས་གཉིས་ཀྱིས་གཤམ་གྱི་དོན་དག་འགའ་གཙོ་བོར་བཟུང་ནས་འབད་བརྩོན་བྱེད་དགོས་པ་སྟེ། གཅིག་ནི་ཆབ་སྲིད་བདེ་འཇགས་དང་མཉམ་ལས་ཐད་ཀྱི་དོན་དག་བཟང་བོར་སྒྲུབ་དགོས་པ་དང་། གཉིས་ནི་དཔལ་འབྱོར་ཉོ་ཚོང་གཉིས་ཕན་མཉམ་ལས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས། གསུམ་ནི་མི་གཞུང་བརྗེ་རེས་བྱ་བ་བཟང་བོར་སྒྲུབ་དགོས། བཞི་ནི་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་བཅས་ཡིན་ཟེར།
ཕིའོ་ཅིན་ཧོས་ཀྱིས་ཞི་ཅིན་ཕེན་ཧན་གོར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཕིའོ་ཅིན་ཧོས་ཀྱིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོའི་བར་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱས། ཧན་གོ་ཕྱོགས་ཀྱིས་ཧན་གོ་དང་ཀྲུང་གོ་གཉིས་བློ་གཅིག་སེམས་གཅིག་དང་ཕན་ཚུན་བར་རྒྱབ་སྐྱོར། ཕན་ཚུན་བར་རོགས་རམ་བཅས་བྱེད་པའི་འཐབ་ཇུས་གྲོགས་པོ་ཞིག་ཏུ་འགྱུར་བར་རེ་བ་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཆབ་སྲིད་དང་བདེ་འཇགས། དམག་དོན་བཅས་ཁྱབ་ཁོངས་ཀྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། གནད་དོན་གལ་ཆེན་ཐད་ནས་དུས་ཐོག་ཏུ་ལྟ་ཚུལ་བརྗེ་རེས་བྱེད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་འཛུགས་པའི་གྲོས་གཞི་བཏོན་པར་གཟེངས་བསྟོད་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱེད་འདོད་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།
གྲོས་མོལ་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱུན་མཐུད་འཕེལ་རྒྱས། དངུལ་ལོར། ཁོར་ཡུག་སྲུང་སྐྱོབ། ས་གནས། སྒོ་ཁྲལ། མི་གཞུང་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།
ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧན་གོ་གཉིས་ཀྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།
རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། །