
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ནོར་སྲིད་བློན་ཆེན་པའོ་ཨར་སིན་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་པའོ་ཨར་སིན་དང་གསར་འཛུགས་བྱས་པའི་པའོ་ཨར་སིན་ལྟེ་གནས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བརྗེ་རེས་དང་མཉམ་ལས་ཐད་ལ་ཧུར་བརྩོན་རང་བཞིན་གྱི་ནུས་པ་གལ་ཆེན་བཏོན་པར་བསྟོད་བསྔགས་མཛད།
ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ངོས་ཐད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པ་དང་དུས་ཚོད་དང་དོན་དག་རེ་འགའི་དབང་གིས་ཕྱོགས་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་འབྱུང་སྲིད་མི་སྲིད། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཁྱད་པར་ཐད་ཀྱི་འགལ་བ་དང་བསྡུར་ན་ཆེས་གལ་ཆེན་དུ་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་ན་ཕྱོགས་གཉིས་ཀྱིས་ཙུང་ཐུང་ཨོ་པ་མ་ཡི་ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ལྟ་ཚུལ་གལ་ཆེན་གཞིར་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་གྱི་ཡིད་ཆེས་ལ་སྐུལ་འདེད་དང་རྒྱུན་འཁྱོངས་བྱེད་པ་དང་ཁེ་ཕན་གྱི་གཞི་འཛིན་ས་རྒྱ་བསྐྱེད་དེ། མཉམ་ལས་ལ་ཤུགས་སྣོན་པ་དང་ཕན་ཚུན་བར་གྱི་འཕེལ་རྒྱས་ལ་གནོད་པའི་བཀག་རྒྱ་སྣ་ཚོགས་མེད་པར་གཏོང་དགོས་ཟེར།
ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཁབ་གནས་ཚུལ་གྱིས་ང་ཚོས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་གནས་ཚུལ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ལོ་རྒྱུས་ཀྱི་དགོས་དབང་དང་མི་དམངས་ཀྱི་གདམ་གསེས་རེད། ང་ཚོས་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོང་བྱས་ནས་རྒྱུན་ཆད་མེད་པར་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ཀྲུང་གོ་བ་དུང་ཕྱུར་བཅུ་གསུམ་གྱིས་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་དུ་འཇོག་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་གཞི་རྩའི་གནས་ཚུལ་དང་ཕྱི་ནང་གི་སྲིད་ཇུས་ལ་ཆེ་ཕྱོགས་ནས་ངེས་ཤེས་རྙེད་པར་རེ་བ་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་སོགས་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕན་ཚུན་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཐོང་དུ་འཇོག་དགོས་ཟེར།
པའོ་ཨར་སིན་གྱིས་བསྟན་དོན། ང་དང་པའོ་ཨར་སིན་ལྟེ་གནས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་བཞིན་ཡོད། ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོའི་ཕྱོགས་གཉིས་ཀྱི་དངུལ་གཏོང་གྲོས་མཐུན་སྔ་མོ་ནས་འགོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ལྷག་པར་དུ་དཔལ་འབྱོར་མཉམ་ལས་ཀྱི་ཕྱོགས་ནས་སྔར་ལས་མང་པའི་དངོས་གཉེར་རང་བཞིན་གྱི་གྲུབ་འབྲས་ལོན་པར་རེ་བ་བྱེད་བཞིན་ཡོད་ལ། ང་ཚོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་ཧུར་བརྩོན་རང་བཞིན་གྱི་བྱས་རྗེས་འཇོག་འདོད་ཡོད་ཟེར། །