མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་བྱས་ཏེ་ལོ་ངོ20སོང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 1994ལོར། རང་རྒྱལ་གྱིས་དཔྱ་ཁྲལ་ཁག་དབྱེའི་ལམ་ལུགས་བསྒྱུར་བཅོས་ཀྱིས་ལྟེ་བ་བྱས་པའི་ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་བྱས་ཚུན། ལོ་ངོ20རིང་ཟམ་མི་ཆད་པར་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རྭའི་དཔལ་འབྱོར་གོང་འཕེལ་གྱི་བླང་བྱ་དང་མཚམས་པའི་དེང་རབས་ནོར་ཁྲལ་སྒྲིག་གཞིའི་གཞི་རྩའི་སྒྲོམ་གཞི་ཞིག་ཆགས་པ་དང་། དཔལ་འབྱོར་གོང་འཕེལ་དང་། རྒྱལ་ཁབ་ཀྱི་ནོར་ཤུགས་མགྱོགས་མྱུར་ཤུགས་ཆེར་ཕྱིན་པའི་མཉམ་རྒྱལ་རྣམ་པ་མངོན་འགྱུར་ཐུབ་ཡོད་པ་རེད།

རང་རྒྱལ་གྱིས1994ལོར་ལག་བསྟར་བྱེད་འགོ་ཚུགས་པའི་ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་ཀྱིས་དཔྱ་ཁྲལ་གྱི་སྣེ་རིགས་དེ་གཅིག་གྱུར་ཐོག་ཀྲུང་དབྱང་གི་དཔྱ་ཁྲལ་དང་། ས་གནས་ཀྱི་དཔྱ་ཁྲལ། དེ་བཞིན་ཀྲུང་དབྱང་དང་ས་གནས་མཉམ་སྤྱོད་ཀྱི་དཔྱ་ཁྲལ་བཅས་ལ་དབྱེ་ཡོད་པ་དང་། དེའི་ནང་རྒྱལ་ནང་གི་ཁྲལ་རིགས་ཆེ་ཤོས་ཀྱི་རིན་ཐང་འཕར་མའི་དཔྱ་ཁྲལ་དེ་ཀྲུང་དབྱང་དང་ས་གནས་ཀྱིས་ཁག་སོ་སོར་བསྡུར་གྲངས་ཀྱི75དང25འི་ཚད་གཞིའི་ཐོག་ནས་ཁག་བགོས་བྱེད་པ་དང་། ཀྲུང་དབྱང་ནོར་སྲིད་ལ་བསྡུར་གྲངས་མང་བ་སྤྲད་ཡོད་པ་རེད།

ནོར་ཁྲལ་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག རྒྱལ་ཁབ་ཀྱི་ནོར་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་ཡོད་དེ། 2013ལོར། རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར129210ཟིན་པ་དང་། དེའི་ནང་། ཀྲུང་དབྱང་གི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར60198ཡོད་པ་རེད། 1994ལོའི་བསྒྱུར་བཅོས་ཀྱི་དུས་མགོའི་སྐབས་སུ། ཀྲུང་དབྱང་སྲིད་གཞུང་གིས་སྤོ་བསྒྱུར་གཏོང་སྤྲོད་ཐད་བཏང་ཆོག་པའི་ནོར་སྲིད་ཡོང་ཁུངས་སྒོར་དུང་ཕྱུར་བརྒྱ་ཙམ་ལས་མེད་རུང་། ད་ཆ་སྒོར་དུང་ཕྱུར་བཞི་ཁྲི་ལས་བརྒལ་ཟིན་ཡོད།

སྤྱི་ལོ་ཉིས་སྟོང་ལོར་རང་རྒྱལ་གྱིས་སྤྱི་པའི་ནོར་སྲིད་ཅེས་པའི་ཐ་སྙད་བེད་སྤྱོད་གཏོང་འགོ་ཚུགས་ཏེ། དེང་རབས་ཀྱི་སྔོན་རྩིས་དོ་དམ་ལམ་ལུགས་ཀྱི་བསྒྱུར་བཅོས་རབ་དང་རིམ་པ་བྱེད་འགོ་ཚུགས་པ་དང་། མིག་སྔའི་བར་སླེབས་སྐབས། ཀྲུང་དབྱང་གི་སྡེ་ཁག་ཁག་དང་། དེ་བཞིན་ཞིང་ཆེན་རིམ་པའི་སྡེ་ཁག་ཁག་གིས་སྡེ་ཁག་གི་སྔོན་རྩིས་དང་། གཞུང་གསུམ་གཏོང་སྒོ་ཡོངས་ཡོངས་བསྒྲགས་བྱས་ཟིན་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་གཞི་ཁྱོན་ཡང2002ལོའི་སྒོར་དུང་ཕྱུར1009ནས། 2013ལོའི་སྒོར་དུང་ཕྱུར1དང་བྱེ་བ6བར་འཕར་ཡོད་ཅིང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཅིག་པའི་རིང་ཁོ་ནར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་བཞི་སྟོང་ལྷག་གྲོན་ཆུང་ཐུབ་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག