ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། «ནོར་ཁྲལ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་འཆར་གཞི»དང་། «ཁྱིམ་ཐོ་ལམ་ལུགས་སྔར་ལས་བཅོས་བསྒྱུར་བྱེད་པའི་སྐོར་གྱི་བསམ་འཆར»། «ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བཅོས་བསྒྱུར་བྱ་བའི་ལག་བསྟར་འཆར་གཞི»བཅས་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།
ཚོགས་ཐོག་ནས་བསྟན་དོན། ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་དང་སྲོག་ཤིང་གལ་ཆེན་ཞིག་ཡིན་ལ། ནོར་ཁྲལ་སྒྲིག་གཞི་དེས་རྒྱལ་ཁབ་བཅོས་སྐྱོང་དང་བདེ་འཇགས་ཡོང་བར་བྱེད་པའི་ཁྲོད་ནམ་ཡང་རྨང་གཞི་རང་བཞིན་དང་ལམ་ལུགས་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་བཏོན་ཡོད། སྐོར་ཐེངས་གསར་བའི་ནོར་ཁྲལ་སྒྲིག་གཞི་བཅོས་བསྒྱུར་བྱེད་པ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་འབྲེལ་བ་ཡོད་པའི་འགྱུར་ལྡོག་ཟབ་མོ་ཞིག་ཡིན་ལ། ཁྱོན་ཡོངས་ལ་དམིགས་པ་དང་ཡུན་རིང་ལ་རྐང་བཙུགས་པའི་ལམ་ལུགས་གསར་སྐྲུན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག རེ་བ་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ཆབ་སྲིད་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ཏེ། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། བཀོད་སྒྲིག་ཞིབ་མོ་བྱེད་པ། རྩ་འཛུགས་བཟང་བོ་བཅས་བྱས་ནས། བཅོས་བསྒྱུར་ལ་གྲུབ་འབྲས་ཐོབ་པར་དངོས་སུ་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཁྱིམ་ཐོ་ལམ་ལུགས་མྱུར་དུ་བཅོས་བསྒྱུར་བྱེད་པ་ནི་ཞིང་ལས་གནས་སྤོར་མི་གྲངས་དུང་ཕྱུར་མང་པོར་འབྲེལ་བ་ཡོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ནུས་པ་ཡོད་པའི་མི་སྣས་གྲོང་བརྡལ་དུ་ལས་ཞུགས་བྱེད་པ་དང་། རྒྱུན་སྡོད་མི་གྲངས་གོ་རིམ་ལྡན་པའི་ངང་གྲོང་ཁྱེར་གྱི་མི་གྲངས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་བྱེད་པ་ནི་རྙོག་འཛིང་ཆེ་ཞིང་རྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆ་ཚང་སྲིད་ཇུས་དང་ལམ་ལུགས་བཅོས་བསྒྱུར་བྱེད་པར་གཞོགས་འདེགས་དམ་པོ་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་བཅོས་བསྒྱུར་བྱ་བ་ནི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་གི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་དགོས་ངེས་ཀྱི་རེ་བའང་ཡིན་པས། ངེས་པར་དུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བའི་དོན་དངོས་གཞིར་བཟུང་སྟེ། གནད་དོན་དངོས་ཐག་གཅོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྒྲིག་གཞི་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།
ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས། །