ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བདུན་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོ་ཕྱི་སྡོད་རང་མི་ཚོང་བའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་ཁོངས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བདུན་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོ་ཕྱི་སྡོད་རང་མི་ཚོང་བའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་ཁོངས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་གསུམ་པར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་དུ་ཞུགས་པའི་འཐུས་མི་ཡོངས་དང་རྒྱ་ཆེའི་ཕྱི་སྡོད་རང་མི་རྣམས་ལ་བྱམས་བརྩེ་ངང་འཚམས་འདྲི་དང་སྨོན་འདུན་ཞུས།
ཡུས་ཀྲིན་ཧྲིན་གྱིས་གསུང་དོན། ཕྱི་སྡོད་རང་མི་ཚོང་བ་ནི་ཀྲུང་གོ་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་རེ་རེར་རྒྱ་ཆེའི་ཕྱི་སྡོད་རང་མི་ཚོང་བས་ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་བཅིངས་འགྲོལ་གཏོང་བ། ཀྲུང་གོའི་དར་རྒྱས་དང་འཕེལ་རྒྱས་སུ་གཏོང་བར་ཚབ་བྱེད་དཀའ་བའི་བྱས་རྗེས་ཆེན་པོ་བཞག་མྱོང་ཟེར།
ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། དེང་སྐབས་ཀྲུང་གོའི་འཕེལ་རྒྱས་དེ་དུས་སྐབས་གསར་བ་ཞིག་ཏུ་བསླེབས་ཡོད། ཀྲུང་གོ་འཕེལ་རྒྱས་སུ་གཏོང་བ་དེས་འཛམ་གླིང་ལ་སྔར་ལས་བྱས་རྗེས་མང་པོ་འཇོག་དགོས་ལ། ཕྱི་སྡོད་རང་མི་ཚོང་བ་འདུས་པའི་རྒྱ་ཆེའི་ཕྱི་སྡོད་སྤུན་ཟླ་རྣམས་ལ་གོ་སྐབས་རྒྱ་ཆེན་པོ་ཞིག་ཀྱང་འདོན་ཐུབ། རྒྱ་ཆེའི་ཕྱི་སྡོད་རང་མི་ཚོང་བ་རྣམས་ཀྱིས་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ཀྲུང་གོ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་ནས། འགྲམ་གཉིས་ཀྱི་བརྗེ་རེས་བྱ་བ་ཡར་སྐུལ་བྱེད་དགོས་པ་དང་། མེས་རྒྱལ་ཞི་བས་གཅིག་གྱུར་གྱི་ལས་སྐྲུན་ཆེན་མོར་རྒྱབ་སྐྱོར་བྱེད་པ། ཀྲུང་ཧྭའི་རིག་གནས་བརྒྱུད་འཛིན། རྒྱལ་ཁབ་ཕྱི་ནང་གི་རིག་གནས་བརྗེ་རེས་དང་ཕན་ཚུན་བར་ཉམས་མྱོང་བླངས་ནས་ཕྱི་སྡོད་རང་མི་སྤུན་ཟླར་སྣང་བརྙན་ཅུང་བཟང་བོ་ཞིག་ཆགས་པར་བྱེད་དགོས་ཟེར། །