མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སྟོད་དུ་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་འགོ་ཡག་པོ་ཞིག་འཛུགས་ཐུབ་པ།

རྩོམ་པ་པོ། མིག་དམར་རྒྱལ་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-28 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ལོ་སྟོད་དུ་ཀྲུང་གོར་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་མཉམ་དུ་འཕྲད་པའི་དུས་བབ་འོག བརྟན་པོའི་ངང་འབད་འཐབ་བྱས་ཏེ་བསྒྱུར་བཅོས་དང་འཕར་སྣོན་དོ་སྙོམས་ཡོང་བ་བྱས་པས། བསྒྱུར་བཅོས་དང་བཀོད་སྒྲིག་གལ་ཆེན་མང་པོར་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། དེར་ཕན་འབྲས་མང་པོ་ཐོན་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།

ལོ་སྟོད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་དྲུག་ཅུས་ལག་བསྟར་བྱེད་མུས་ཡིན་པའི་སྲིད་འཛིན་ཞིབ་མཆན་རྣམ་གྲངས་ཁག་1235ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་ནི་ཀྲུང་དབྱང་སྲིད་གཞུང་གིས་དབང་ཆའི་གསལ་བྱང་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱེད་ཐེངས་དང་པོ་དེ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་དུས་རིམ་དབྱེ་ནས་སྲིད་འཛིན་ཞིབ་མཆན་རྣམ་གྲངས་ཁག་་བཅུ་ཕྲག་ཁ་ཤས་མེད་པ་བཟོས་པའམ་གཤམ་སྤྲོད་བྱས་པ་དང་། ལས་རིགས་ཐོབ་ཐང་གི་ཆོག་འཐུས་དང་ངོས་དཔང་བྱེད་པའི་རྣམ་གྲངས་ཁ་ཤས་ཉུང་འཕྲི་བྱས་ནས། བཟོ་ཚོང་ཐོ་འགོད་གོང་གི་ཆོག་འཐུས་རྣམ་གྲངས་སུམ་ཅུ་སོ་དྲུག་ཐོ་འགོད་རྗེས་ཀྱི་ཞིབ་མཆན་འགོད་པའི་རྣམ་གྲངས་ལ་བསྒྱུར་ཐོག ལས་གཏོད་ལས་ཞུགས་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་ཡོད་པ་རེད།

ལོ་སྟོད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁེ་ལས་ཆུང་ཕྲན་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་བའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ཡོད། ཀྲུང་དབྱང་དངུལ་ཁང་གིས་ཁག་སོ་སོར་རྫོང་ཁོངས་གྲོང་གསེབ་ཚོང་ལས་དངུལ་ཁང་དང་ཆ་རྐྱེན་ཚང་བའི་ཚོང་ལས་དངུལ་ཁང་ལ་གནས་གཏན་འཁེལ་གྱིས་ཆོག་འཐུས་ཆ་རྐྱེན་དམའ་རུ་བཏང་ཡོད། དེ་དང་ཆབས་ཅིག་ཀྲུང་དབྱང་གིས་ད་དུང་ལྕགས་ལམ་འཛུགས་བསྐྲུན་དང་ལྕགས་ལམ་འཛུགས་བསྐྲུན་གྱི་མ་དངུལ་བསྡུ་རུབ་དང་མ་འཇོག་སྒྲིག་གཞི་བསྒྱུར་བཅོས་མགྱོགས་སུ་བཏང་བ་དང་། ཁང་པ་ཐབས་ཆག་ཁུལ་བསྒྱུར་བཟོར་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་རུ་བཏང་བ་དང་། གློག་གི་དྲ་བ་དང་ནུས་རྒྱུའི་མ་འཇོག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་པ་དང་། དེ་དག་ནི་འཕྲལ་ཕུག་གཉིས་ཀར་ཕན་པ་ཞིག་ཡིན་པས། དེས་དཔལ་འབྱོར་འཕར་སྣོན་དེ་ལུགས་མཐུན་གྱི་བར་ཁམས་ནང་གནས་པ་བྱ་རྒྱུར་ཕན་ཐོག་ཡོད་པ་རེད།

ལོ་སྟོད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྕགས་ལམ་དང་གྲུ་ཁ་སོགས་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ལ་སྤྱི་ཚོགས་ནས་མ་འཇོག་བྱ་རྒྱུའི་ཐད་སྒོ་མོ་ཕྱེ་རྒྱུའི་ཐག་བཅད་པ་དང་། གོམ་སྟབས་རྗེས་མར་སྣུམ་རླངས་འཚོལ་བཤེར་དང་། སྤྱི་སྤྱོད་བྱ་གཞག ཆུ་བེད། གནམ་ཐང་སོགས་ཁྱབ་ཁོངས་ཀྱིས་སྤྱི་ཚོགས་ཀྱི་མ་འཇོག་ལ་སྒོ་མོ་ཕྱེ་ཤུགས་ཆེ་རུ་གཏོང་རྒྱུ་རེད།

ད་ལོའི་ཟླ་བ་གསུམ་པར། རང་རྒྱལ་གྱིས་སྤྱི་ལོ2014ལོ་ནས་2020ལོའི་བར་གྱི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཆར་འགོད་ཅེས་པ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་སྐོར་བཏོན་ཡོད་པ་མ་ཟད། གནས་སྡོད་ལག་ཁྱེར་ལམ་ལུགས་ལག་བསྟར་གྱིས། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀར་ཞུགས་ཀྱང་ཐེམ་ཐོ་གྲོང་ཁྱེར་དང་གྲོང་རྡལ་དེར་མེད་པའི་མི་སྣར་གྲོང་ཁྱེར་དང་གྲོང་རྡལ་དེའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་། བཟོ་ལས་ཅན་དང་། ཆ་འཕྲིན་ཅན་། ཞིང་ལས་དེང་རབས་ཅན་བཅས་དུས་གཅིག་ཏུ་གོང་འཕེལ་འགྲོ་བ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཆབས་ཅིག་གྲོང་ཁྱེར་གྱི་གནས་སྟངས་ལེགས་བསྒྱུར་གྱིས། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་གྲས་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་སྟོན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག