
ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཀའོ་ལི་སོགས་ཀྱིས་པེ་ཅིན་ནས་རྒྱལ་ཡོངས་མཐའ་སྲུང་མཚོ་སྲུང་བྱ་བའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མཐའ་སྲུང་མཚོ་སྲུང་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཚོགས་ཞུགས་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་མཐའ་སྲུང་མཚོ་སྲུང་བྱ་བ་ནི་རྒྱལ་སྐྱོང་བདེ་འཇགས་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལའང་འབྲེལ་བ་ཡོད་པས། མཐའ་སྲུང་མཚོ་སྲུང་བྱ་བའི་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ཀྱིས་སྐྱིད་སྡུག་གི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། ཁྱོན་ཡོངས་ཀྱི་འདུ་ཤེས་བཅས་ཇེ་ཆེར་བཏང་སྟེ། བྱ་བར་འབད་པ་བྱེད་པ་དང་ལས་འགན་འཁུར་ཐུབ་པར་བྱས་ནས། སྟོབས་ལྡན་དང་བརྟན་འཇགས་ཀྱི་མཐའ་སྲུང་མཚོ་སྲུང་བྱ་བའི་རྣམ་པ་གསར་བ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་གཉིས་གྲོས་ཚོགས་སུ་ཞུགས།
སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཞི་ཅིན་ཕེན་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་ཅིན་ཞི་མགྲོན་ཁང་གི་མཇལ་འཛོམས་ཚོམས་ཁང་དུ་ཕེབས་ཏེ། འཐུས་མི་རྣམས་དང་སྙིང་ཉེ་བའི་ངང་ཕྱག་འཇུ་མཛད་པ་དང་། བློ་མཐུན་ཚང་མ་དང་མཉམ་དུ་པར་བླངས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་དེ། རྒྱལ་ཡོངས་མཐའ་སྲུང་མཚོ་སྲུང་བྱ་བའི་གྲོས་ཚོགས་སུ་ཞུགས་པའི་འཐུས་མི་དང་མཐའ་སྲུང་མཚོ་སྲུང་བྱ་བའི་འཐས་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར། རྒྱལ་སྲུང་མཐའ་སྲུང་གི་དཔའ་བོ་དཔེ་ལེགས་ཅན་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱིས་མཐའ་སྲུང་མཚོ་སྲུང་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། མཐའ་སྲུང་མཚོ་སྲུང་འཐབ་ཕྱོགས་ཀྱིས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། མཐའ་སྲུང་མཚོ་སྲུང་བྱ་བའི་ཐད་ལ་བྱས་རྗེས་བཞག མཐའ་སྲུང་མཚོ་སྲུང་འཐབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་གོ་གནས་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས། མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་ཕན་ལ་རྦད་ཆོད་སྒོས་སྲུང་སྐྱོབ་བྱས་ནས། མཐའ་སྲུང་མཚོ་སྲུང་བྱ་བ་བཟང་བོར་སྒྲུབ་དགོས། ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཁོངས་གཏོགས་ཀྱིས་མཐའ་སྲུང་མཚོ་སྲུང་བྱ་བའི་འགན་བཟང་བོར་འཁུར་ཏེ། ཏང་ཀྲུང་དབྱང་གི་མཐའ་སྲུང་མཚོ་སྲུང་བྱ་བའི་སྐོར་གྱི་བྱེད་ཕྱོགས་དང་འཐབ་ཇུས། བཀོད་སྒྲིག་བཅས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར། །