མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་ཁུངས་ལ་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞིའི་གནས་ཚུལ་ཞིབ་གཅོད་བྱེད་དགོས་པའི་བརྡ་ཁྱབ་བཏང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:55

    ཚེས་12ཉིན་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར།2013ལོར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞི་ཁྱོན་5013དང་འབྲེལ་བ་ཡོད་པའི་མི་གྲངས་7237འཛིན་བཟུང་དང་མི་གྲངས་20969ཁྲིམས་ལ་སྦྱར་བ་རེད།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཤའོ་ཝུའེ་ཡིས“ཁོར་ཡུག་སྦགས་བཙོག་སོགས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་དོན་རྐྱེན་རྟག་ཏུ་ཐོན་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཆེན་པོ་བཟོ་གི་ཡོད་ཅེས་བཤད་པ་དང།སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གྱོད་གཞིར་དམིགས་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚོར་སྣང་རྐྱེན་པའི་ལམ་སྲོལ་བཙུགས་པ་མ་ཟད་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་ལམ་སྲོལ་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་པར་གྱོད་གཞི་ཐོན་ཡང་རྩིས་སྤྲོད་མི་བྱེད་པ་དང་གྱོད་གཞི་ཐོན་ཡང་ཐོ་འགོད་མི་བྱེད་པའི་གནད་དོན་གཅིག་སྡུད་ཐོག་གྲལ་བཤེར་བྱས་ཏེ་རྩིས་སྤྲོད་དང་གྱོད་གཞི་ཐོ་འགོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དངུལ་ཆད་ཀྱིས་ཁྲིམས་ཆད་ཀྱི་ཚབ་བྱ་རྒྱུ་སྔོན་འགོག་བྱས་པ་རེད”ཅེས་བཤད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ།འདི་ལོའི་ཟླ་གསུམ་པ་དང་བཞི་པར་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟ་སྐུལ་བྱས་པའི་སྤྱི་བདེ་ལས་ཁུངས་ཀྱིས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་བཏང་བའི་དོགས་ཡོད་ཉེས་གསོག་གྱོད་གཞི་228གྱོད་དོན་ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་10.1%འཕར་བ་དང་།གྱོད་གཞི་929དང་འབྲེལ་བ་ཡོད་པའི་མི་གྲངས་1375འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་གྱོད་གཞི་2158དང་འབྲེལ་བ་ཡོད་པའི་མི་གྲངས་3309ཁྲིམས་ལ་སྦྱར་བ་དང་གྱོད་གཞིའི་གྲངས་འབོར་དུས་མཚུངས་ལས་ཁག་སོ་སོར་22.6%དང་14.4%འཕར་ཡོད་པ་རེད།

    ཤའོ་ཝུའེ་ཡིས“ཉེ་བའི་ལོ་ཤས་ནང་ཁོར་ཡུག་སྦགས་བཙོག་རྒྱབ་ཀྱི་ལྟ་སྐུལ་དོ་དམ་གྱི་འགན་ཤོར་ལས་འཛོལ་བྱུང་བའི་ཉེས་གསོག་གནད་དོན་ཉིན་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད།འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་ཁོ་ནར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྣོད་བཅུད་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ལས་འཛོལ་ཉེས་གསོག་གྱོད་གཞི་བཟོ་མཁན་349ལ་ཞིབ་གཅོད་བྱས་ཡོད”ཅེས་བཤད།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཅིག་སྡུད་ཐོག་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་ནས་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་ལས་འཛོལ་ཉེས་གསོག་ཁྲིམས་གཅོད་དང་སྔོན་འགོག་ནན་པོ་བྱས་ཡོད་པ་རེད།2013ནས་2014ལོའི་ཟླ་4བར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཆེད་དོན་ལས་དོན་ཁྲོད་ཁྱོན་སྣོད་བཅུད་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ལས་འཛོལ་ཉེས་གསོག་གྱོད་གཞི་བཟོ་མཁན་1545ལ་ཞིབ་གཅོད་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག