མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འགོ་ཁྲིད་ཀྱི་ཆེད་དུ་ཆང་རག་མི་འཐུང་དཀའ་མེད་དུ་གྱུར་པའི་མི་དེ་དག་ལ་བརྟག་དཔྱད་བྱེད་དགོས།

——འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གིས་དབང་ཆར་བརྟེན་ནས“སྒྲིག་འགལ་ཉེན་ཁ”གཞན་ལ་དཀྲི་རྒྱུར་དོགས་ཟོན་བྱེད་དགོས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-18 09:56

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གིས“གཏན་འབེབས་དོན་ཚན་བརྒྱད”བཏོན་རྗེས་རྒྱལ་ཡོངས་ས་གནས་ཁག་ཚང་མས་རྣམ་པ་སྣ་ཚོགས་ཀྱི“ཆང་རག་བཀག་རྒྱ”བཏང་ནས་གཞུང་དོན་སྣེ་ལེན་ཁྲོད་ཀྱི་སྤྱོད་ཚུལ་ངན་པ་གཏན་འགོག་བྱས་ཡོད། འོན་ཀྱང་གསར་འགོད་པས་བཅར་འདྲི་བྱེད་སྐབས་ཡ་མཚན་སྐྱེ་བའི་སྣང་ཚུལ་ཞིག་ཡང་ཡང་ཐོན་པ་ཤེས་རྟོགས་བྱུང་བ་སྟེ། ཆང་རག་བཏུང་མི་ཆོག་པའི་གཏན་འབེབས་བྱས་རྗེས་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གཤམ་འོག་གི་གཞུང་ལས་པ་དཀྱུས་མའི་ངོས་ནས་རང་འགུལ་ལམ་ཡང་གཞན་འགུལ་གྱི་ཐོག་ནས་འགོ་ཁྲིད་ཀྱི་ཆེད་དུ་ཆང་རག་མི་འཐུང་དཀའ་མེད་ཡིན་པ་རེད།

    “ང་གཤགས་བཅོས་བྱས་མ་ཐག་ཡིན་པས་ཞའོ་ག་གེ་མོས་ངའི་ཚབ་བྱས་ཏེ་ཁྱེད་རྣམ་པར་མཆོད་ཆང་འདེགས་ཀྱི་རེད”ཅེས“ཆང་རག་བཀག་རྒྱུའི”གཏན་འབེབས་ཞིབ་ཚགས་དང་ནན་དུ་བཏང་བའི་གནས་ཚུལ་འོག་སྣང་ཚུལ་དེ་འདྲ་གཞི་རིམ་གྱིས་གཞུང་དོན་སྣེ་ལེན་བྱེད་སྐབས་མངོན་གསལ་དོད་པོ་མེད་ཀྱང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གིས“གཟུགས་པོ་བདེ་པོ་མེད་པར”ཁ་གཡར་ནས་གཤམ་འོག་གི་གཞུང་ལས་པ་ཆང་རག་མི་འཐུང་དཀའ་མེད་བཟོ་གི་ཡོད།

    དཔོན་རིགས་དང་འབྲེལ་བ་ཟབ་པའི་ཁེ་ལས་ཀྱི་སྦྱིན་བདག་ཅིག་གིས་གསར་འགོད་པར་དེ་སྔ་འགོ་ཁྲིད་ཅིག་དང་ཆང་རག་འཐུང་སྐབས་འགོ་ཁྲིད་དེས“‘གཏན་འབེབས་དོན་ཚན་བརྒྱད’དེས་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་དོ་དམ་བྱེད་པ་ལས་ཁྲུའུ་རིམ་པ་མན་དང་འབྲེལ་བ་མེད”ཅེས་བཤད་མྱོང་ཡོད།

    “ཐབས་ཤེས་མི་འདུག ང་ཡང་འཐུང་འདོད་མི་འདུག འོན་ཀྱང་འགོ་ཁྲིད་ཀྱི་ཚབ་བྱས་ནས་ཆང་རག་བཏུང་ཚེ་ལས་ཀའི་ཐོག་འགོ་ཁྲིད་ཀྱི་ཡིད་ཆེས་དང་བརྩི་མཐོང་ཐོབ་ཐུབ”ཅེས་ལས་ཀར་ཞུགས་ནས་ལོ་གཅིག་དང་ལོ་ཕྱེད་ལས་སོང་མེད་པའི་གཞི་རིམ་གཞུང་ལས་པ་ཞིག་གིས་བཤད་བྱུང་། ས་གནས་ཀྱི་འགོ་ཁྲིད་ཁག་གཅིག་གིས་ཆང་རག་འཐུང་ཐུབ་མིན་དེ་མི་དེའི་ཁ་ལ་ཉན་མི་ཉན་གྱི་ཚད་གཞིར་འཛིན་གྱི་ཡོད།

    “ཐོག་མར་འཐུང་འདོད་མི་འདུག འོན་ཀྱང་ད་ལྟ་བལྟས་ན་དེ་ནི་འགོ་ཁྲིད་དང་འབྲེལ་བ་ཟབ་ཏུ་གཏོང་བའི་གོ་སྐབས་ཤིག་རེད་འདུག”ཅེས་ལས་ཀར་ཞུགས་ནས་ལོ་ལྔ་སོང་བའི་གཞུང་ལས་པ་ཞིག་གིས་གསར་འགོད་པར་བཤད་བྱུང་། ཁོང་ད་ལྟ་གནས་སྤོར་བརྟག་ཞིབ་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད་པས“འགོ་ཁྲིད་ཀྱི་ཆེད་དུ་ཆང་རག་མང་ཙམ་བཏུང་ནས་གནས་སྤོར་བརྟག་ཞིབ་ཀྱི་གོ་སྐབས་མང་ཙམ་ཐོབ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད”

    འགོ་ཁྲིད་ལས་བྱེད་པས་ཐབས་མཁས་ངང“གཏན་འབེབས་དོན་ཚན་བརྒྱད”ཀྱི་དམར་ཐིག་ལས་གཡོལ་ཏེ་སྒྲིག་འགལ་ཉེན་ཁ་དེ་གཤམ་འོག་གི་གཞུང་ལས་པར་་དཀྲིས་ཡོད། གཞུང་དོན་སྣེ་ལེན་ཁྲོད་ཀྱི་སྤྱོད་ཚུལ་ངན་པ་དེ་དག་རྣམ་པ་གཞན་དག་བརྒྱུད་ནས་རྒྱུན་མཐུད་བྱས་པ་ལས་རྩ་བཅོས་གཏན་ནས་གཏོང་ཐུབ་མེད།

    འགོ་ཁྲིད་ལས་བྱེད་པ་གསར་པ་ཚོའང་ལོ་ཆུང་གཞུང་ལས་པའི་ཁྲོད་ནས་འཚར་ལོངས་བྱ་རྒྱུ་ཡིན་ཞིང་། གལ་སྲིད་ཆང་རག་འཐུང་སར་ངན་པ་མཉམ་འགྲོགས་དང་འགོ་ཁྲིད་ཀྱི་ཚབ་བྱས་ནས་ཉེས་པ་འཁུར་རོགས་བྱས་ནས་འབྲེལ་བ་བཙུགས་ཚེ་ཁོ་པར་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་བརྩི་མཐོང་ཐོབ་པ་དང་གནས་སྤོར་བྱེད་པའི་གོ་སྐབས་ཐོབ་རྒྱུ་རེད། དེས་གཞུང་ལས་པའི་དཔུང་དག་གི་ཡག་ཉེས་ལྟ་བ་དང་། རིན་ཐང་ལྟ་བ། མི་ཚེའི་ལྟ་བ་བཅས་འཛོལ་ནས་ཏང་སྲོལ་སྲིད་སྲོལ་ལ་ཤུགས་རྐྱེན་བཟོ་བ་མ་ཟད། ད་དུང་ཏང་གི་སྲིད་འཛིན་གྱི་རྩ་བ་རུལ་དུ་འཇུག་སླ་པོ་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག