མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྐོར་ཞིབ་གཞུང་ལས་ཁང་གིས་སྐོར་ཞིབ་ལས་དོན་ཐད་ཆེད་དོན་ཞིབ་བཤེར་བྱས་པ།

    2014-06-18 09:56

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོཌ་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཆེད་དོན་ཞིབ་བཤེར་ཚོགས་ཆུང་5བཙུགས་ནས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ལ་གཞོགས་འདེཌ་ཀྱིས་པེ་ཅིང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་དང་དེ་བཞིན་ཤིན་ཅང་འཛུགས་སྐྲུན་པིང་ཐོན་དུ་སྐོར་ཞིབ་ལས་དོན་སྤེལ་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཆེད་དོན་ཞིབ་བཤེར་བྱེད་པའི་ནང་དོན་ཁག་བཞི་ཡོད་པ་སྟེ། གཅིག་ནས་འགོ་ཁྲིད་ཚོགས་ཆུང་དང་འབྲེལ་ཡོད་ཚོགས་འདུ་གཞན་དག་ཟིན་བྲིས་འགོད་ཚུལ་ཐད་ཞིབ་བཤེར་བྱས་ནས་སྐོར་ཞིབ་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཚུལ་ཤེས་རྟོགས་བྱ་རྒྱུ་དང་། གཉིས་ནས་སྐོར་ཞིབ་སྙན་ཞུ་དང་ལས་དོན་གཞན་དག་གི་སྙན་ཞུར་ཞིབ་བཤེར་བྱས་ནས“ལྟེ་བ་གཅིག་དང་ཤུགས་རྒྱག་ས་བཞིར”དམིགས་ནས་གནད་དོན་ཤེས་རྟོགས་ཐུབ་ཚུལ་ཤེས་པ་བྱེད་པ། གསུམ་ནས་སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་བྱེད་ཚུལ་ཐད་ཞིབ་བཤེར་བྱས་ནས་དུས་ཐོག་ཏུ་བསམ་འཆར་ཚུར་ལན་རྩིས་སྤྲོད་བྱ་རྒྱུ་དང་ཚད་ལྡན་ཡིན་མིན་དང་དག་ཐེར་དོན་འཁྱོལ་ཐུབ་མིན་ལ་ལྟ་རྒྱུ། བཞི་ནས་སྐོར་ཞིབ་ལམ་ལུགས་དང་དཔུང་ཁག་འཛུགས་སྐྱོང་བྱེད་ཚུལ་ལ་ཞིབ་བཤེར་བྱས་ནས་ལམ་ལུགས་འཐུས་ཚང་ཡིན་མིན་དང་འགོ་ཁྲིད་ཚོགས་ཆུང་དང་སྐོར་ཞིབ་གཞུང་དོན་ཁང་གི་སྒྲིག་ཆས་དང་སྐོར་ཞིབ་ལས་བྱེད་པ་བཀོད་སྒྲིག་སོགས་ལས་ཀའི་དགོས་མཁོ་དང་མཐུན་མིན་ལྟ་རྒྱུ་བཅས་ཡིན་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་སྙན་སེང་ཉན་པ་དང་། དཔྱད་གཞིའི་ཡིག་རིགས་ལྟ་བ། མི་སྒེར་དང་གླེང་མོལ་དང་བཞུགས་མོལ་བྱེད་པ། འདྲི་ཤོག་སྤྲད་དེ་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་བརྒྱུད་སྐོར་ཞིབ་བྱ་ཡུལ་གྱི་ལས་དོན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཤེས་རྟོགས་བྱུང་ནས་གསལ་སྟོན་བྱས་ཡོད་པ་དཔེར་ན། ཏང་ཨུད་འགའ་ཞིག་གིས་མཐོང་ཆེན་བྱེད་ཚད་མི་འདང་བ་དང་སྐོར་ཞིབ་ལས་དོན་དམ་འཛིན་གྱི་ཧུར་སེམས་དང་རང་འགུལ་རང་བཞིན་ཆུང་བ་དང་། སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་འགའ་ཞིག་གི་གྲུབ་ཆ་ལུགས་དང་མི་མཐུན་པ་དང་དུས་ཐོག་ཏུ་སྙན་སེང་མི་ཉན་པ་དང་སྒྲིག་ཨུད་དང་རྩ་འཛུགས་པུའུ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་ཤུགས་མི་འདང་བ། ལས་འགན་འགའ་ཞིག་བཀོད་སྒྲིག་བྱེད་སྐབས་གཙོ་གནད་མེད་པ་དང་གཙོ་གནད་ལས་དོན་མངོན་གསལ་མི་དོད་པའི་ཁར་ལས་དོན་སྤེལ་ཚད་འགོར་བ། གྲུབ་འབྲས་འགའ་ཞིག་བེད་སྤྱོད་གང་ལེགས་མི་ཐུབ་པ་དང་སྒྲིག་ཨུད་དང་རྩ་འཛུགས་པུའུ་དང་ལྟ་སྐུལ་མཉམ་ཤུགས་སྔར་བཞིན་ཆགས་མེད་པ། མི་སྣ་འགའ་ཞིག་བཀོད་སྒྲིག་དུས་ཐོག་ཏུ་མ་བྱུང་བ་དང་ལས་བྱེད་པའི་གྲུབ་ཆ་ལུགས་དང་མི་མཐུན་པ་དང་དོ་དམ་སྒྲིག་གཞི་འཐུས་ཚང་མེད་པ་སོགས་ཡིན་པ་རེད། ས་གནས་ཁག་གི་ཏང་ཨུད་དང་སྐོར་ཞིབ་སྒྲིག་གཞིས་ཆེད་དོན་ཞིབ་བཤེར་ཐད་ཚད་མཐོའི་མཐོང་ཆེན་གྱིས་དེ་གོ་སྐབས་སུ་འཛིན་ནས་སྔར་ལས་ལྷག་པའི་ངང་སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ཡོད་པ་དང་།འགའ་ཞིག་གིས་ཞིབ་བཤེར་ཚོགས་ཆུང་དང་འབྲེལ་གཏུག་རགས་ཙམ་བྱས་པ་བརྒྱུད་དག་ཐེར་ནུས་ལྡན་བྱས་པས་ཞིབ་བཤེར་ལས་དོན་ཐད་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་ཞིབ་བཤེར་གྱི་གནས་ཚུལ་སྙན་ཞུ་དེ་སྐོར་ཞིབ་སྙན་ཞུ་འབྲི་བ་དང་ཚུར་ལན་བསམ་འཆར་གྱི་གཞི་འཛིན་ས་ཞིག་ཏུ་བརྩི་རྒྱུ་ཡིན་ཞིང་། བསམ་འཆར་ཚུར་ལན་བྱེད་སྐབས་དེ་ཉིད་ཚུར་ལན་གྱི་དཔྱད་གཞིར་བརྩིས་ནས་སྐོར་ཞིབ་བྱ་ཡུལ་ཏང་ཨུད་ཀྱི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལ་རྩིས་སྤྲོད་རྒྱུ་དང་འབྲེལ་སྐོར་ཞིབ་བྱ་ཡུལ་ཏང་ཨུད་ཀྱིས་ས་ཁུལ་དེ་གའི་སྐོར་ཞིབ་ལས་དོན་གྱི་དག་ཐེར་གནས་ཚུལ་ཀྲུང་དབྱང་ལ་འབུལ་རྒྱུའི་སྐོར་ཞིབ་དག་ཐེར་གྱི་སྙན་ཞུའི་ཁོངས་སུ་བརྩི་རྒྱུ། ཀྲུང་དབྱང་སྐོར་ཞིབ་གཞུང་དོན་ཁང་གིས་ཆེད་དོན་ཞིབ་བཤེར་གྱི་ཕྱོགས་བསྡུས་སྙན་ཞུའི་འཆར་ཟིན་བཀོད་དེ་ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་འབུལ་རྒྱུ་ཡིན་པ་རེད།

    (པ་ཚེས་བསྒྱུར)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག