མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐེ་བུའུ་ཧྲི་ཚགས་པར་སྟེང་རྩོམ་ཡིག་ཅིག་བཀོད་དེ་ད་ལོར་རྒྱལ་དམངས་སྤྱིའི་ཐོན་རིན7.5%ལ་འཕར་བའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཀྲུང་གོར་ཡིད་ཆེས་ཡོད་ཅེས་གསུངས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-17 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་དབྱིན་ཇིའི་སྨྱན་བྱད་གཙོ་བོ་ཞིག་གི་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ་གསུངས་རྒྱུར། ཀྲུང་གོར་ད་ལོའི་དཔལ་འབྱོར་འཕར་ཚད7.5%ཡས་མས་སུ་སླེབ་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་ཐེ་བུའུ་ཧྲི་ཚགས་པར་སྟེང་རྩོམ་ཡིག་ཅིག་བཀོད་དེ་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་འཕར་ཚད་དལ་བ་ནི་རྒྱུན་ལྡན་ཡིན་པ་དང་དེ་ལ་གནད་དོན་ཅི་ཡང་མེད། ད་ལོར་རྒྱལ་དམངས་སྤྱིའི་ཐོན་རིན་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་ལ་འཕར་བའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པར་ཀྲུང་གོར་ཡིད་ཆེས་ཡོད་པ་དང་། སྲིད་གཞུང་གིས་སྲིད་ཇུས་སྙོམས་སྒྲིག་བྱེད་པར་གྲ་སྒྲིག་བྱས་ནས་སྲིད་ཇུས་ཀྱིས་ནུས་པ་ཆེན་པོ་འདོན་པ་འགན་སྲུང་བྱས་ཟེར།

ལིས་ཁི་ཆང་གིས་རྩོམ་ཡིག་ནང་གསུངས་རྒྱུར། ཀྲུང་གོས་ངེས་པར་དུ་ཚོང་ར་ཁ་ཕྱོགས་ཡིན་པའི་བཅོས་སྒྱུར་རྒྱུན་འཁྱོངས་བྱས་ནས་སྒོ་འབྱེད་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་ངེས་ཡིན། ཀྲུང་གོས་ཤེས་བྱའི་ཐོན་དབང་ལ་བཙན་འཛུལ་དང་ཁོར་ཡུག་བཙོག་བཟོ། འདྲ་མཉམ་མིན་པའི་འགྲན་རྩོད་བཅས་ཀྱི་ཐད་ལ་ཆད་པ་ནན་མོ་གཅོད་རྒྱུ་ལག་བསྟར་བྱས་ནས། ཕྱི་དངུལ་གཏོང་བར་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་གསར་སྐྲུན་བྱེད་རྒྱུ་ཡིན་ཟེར།

ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུང་དང་ཐུག་འཕྲད་བྱེད་རྒྱུ་ཡིན་པར་མ་ཟད་དབྱིན་ཇི་དང་ཞི་ལ་དངོས་གཞིའི་འཚམས་འདྲི་མཛད་རྒྱུ་རེད། འདི་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ལོའི་ཟླ་གསུམ་པར་ཡོ་རོབ་གླིང་ལ་འཚམས་འདྲི་མཛད་རྗེས། ཀྲུང་གོས་ཡང་བསྐྱར་ཡོ་རོབ་གླིང་གི་ཕྱི་འབྲེལ་ཐད་ལ་སྤེལ་བའི་འགུལ་སྐྱོད་གལ་ཆེན་ཞིག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག