མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས། ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཀྱི་གསར་འཕར་ལས་ཞུགས་མི་སྣས་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་འབོར་གྱི་བཅུ་ཆ་དགུ་ཡན་བཟུང་ཡོད་ཅེས་བསྟན་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-17 09:38

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་8ཉིན་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལྟར་ན། ན་ནིང་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཀྱི་གསར་འཕར་ལས་ཞུགས་མི་སྣས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་འབོར་གྱི་90%བཟུང་ཡོད།

    རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་ཁེར་རྐྱང་དང་སྒེར་གཉེར་དཔལ་འབྱོར་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བས་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་རུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་མཐུན་ཚོགས་ཁོངས་གཏོགས་ཀྱིས་ལས་ཞུགས་དང་བྱ་གཞག་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་2013ལོའི་ལོ་མཇུག་བར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་ཀྱིས་མི་དུང་ཕྱུར་1.44ལ་ལས་ཀ་མཁོ་འདོན་བྱས་པ་དེས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་འབོར་གྱི་37.7%བཟུང་མོད། འོན་ཀྱང་ན་ནིང་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་སུ་ལས་ཞུགས་གསར་འཕར་མི་སྣ་ཁྲི་1184.48ཟིན་པ་དེས་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་འབོར་གྱི་90.4%བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ན་ནིང་ལོ་མཇུག་བར་རང་རྒྱལ་གྱིས་ཐོ་འགོད་བྱས་པའི་སྒེར་གཉེར་ཁེ་ལས་ཁྲི་1253.86ཟིན་པ་དང་ལས་བཟོ་དུང་ཕྱུར་1.25ཟིན་པ་དེ་དུས་མཚུངས་ལས་10.85%འཕར་བ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་4436.3ཟིན་པ་དང་ལས་བཟོ་དུང་ཕྱུར་0.94ཟིན་ནས་8.2%འཕར་ཡོད།

    ན་ནིང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱིས་ཁྲོམ་རར་འཇུག་འཐུས་ཀྱི་ཐོ་འགོད་གོ་རིམ་སྟབས་བདེ་རུ་བཏང་བ་དང་། ཐོ་འགོད་གྲོན་དངུལ་ཆག་ཡང་བཏང་བ། ཆེད་དོན་སྐར་ཁུང་བཙུགས་པ། ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་མཐུན་ཚོགས་ཀྱི་ཞབས་ཞུའི་ལས་ཞུགས་གསར་གཏོད་སོགས་ཀྱི་ནུས་པ་འདོན་སྤེལ། ལས་ཞུགས་དཀའ་བའི་ཚོགས་སྤྱིའི་རང་བརྟེན་གསར་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ་བྱ་གཞག་གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱས་ཡོད། བཟོ་ཚོང་སྡེ་ཚན་གྱི་བསྡོམས་རྩིས་ལས་མངོན་དོན། ན་ནིང་མཐོ་སློབ་སློབ་ཐོན་མ་ཁྲི་3.9ཡིས་ཁེར་རྐྱང་དང་སྒེར་གཉེར་ཁེ་ལས་གཉེར་རྒྱུའི་རེ་ཞུ་བྱེད་ཚད་དེ་ལོ་གོང་མ་ལས་59%འཕར་ཡོད།

    རིམ་ཁག་བཟོ་ཚོང་སྡེ་ཚན་གྱིས་རིམ་ཁག་ཁེར་རྐྱང་ངལ་རྩོལ་པའི་མཐུན་ཚོགས་ལ་བརྟེན་ནས་སློབ་ཆེན་སློབ་མ་སོགས་ལ་ལས་ཞུགས་སྲིད་ཇུས་ཀྱི་ཇུས་འདྲི་དང་གདན་ཞུའི་བྱེད་སྒོ་གཉེར་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག