མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ།རང་རྒྱལ་གྱི་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་མ་ཧུར་ཐག་ བཏང་ནས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་གཙོ་གནད་ལས་འགན་དང་བྱ་ཐབས་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ།

ལི་ཁེ་ཆང་དང་ཀྲང་ཀའོ་ལི་ཕེབས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-16 10:38

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི།ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་6ཚེས་13ཉིན་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་སྟེ་རང་རྒྱལ་གྱི་ནུས་རྒྱུའི་བདེ་འཇགས་འཐབ་ཇུས་ལ་ཞིབ་འཇུག་གནང་བ་རེད།ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས་ནུས་རྒྱུའི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཡིན་པ་དང་རྒྱལ་ཁབ་ཀྱི་དར་རྒྱས་གོང་འཕེལ་དང་།མི་དམངས་ཀྱི་འཚོ་བ་ལེགས་བཅོས།སྤྱི་ཚོགས་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་གལ་ཆེན་ཡོད་པ་ཞིག་རེད།ནུས་རྒྱུ་འདོན་སྤྲོད་དང་དགོས་མཁོའི་རྣམ་པར་འགྱུར་ལྡོག་གསར་པ་དང་རྒྱལ་སྤྱིའི་ནུས་རྒྱུ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པར་ཁ་ཕྱོགས་སྐབས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་པར་ངེས་པར་དུ་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་སྤེལ་གཏོང་དགོས།ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་མ་གཏོང་རྒྱུ་ནི་ཡུན་རིང་གི་འཐབ་ཇུས་ཤིག་ཡིན་པས་ངེས་པར་དུ་མིག་སྔ་ནས་འགོ་བཙུགས་ཏེ་གཙོ་གནད་ལས་འགན་དང་བྱ་ཐབས་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཡུན་རིང་གི་གོང་འཕེལ་བརྒྱུད་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་ནུས་རྒྱུ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་དང་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཏེ་རྡོ་སོལ་དང་།གློག་ཤུགས།རྡོ་སྣུམ།རང་བྱུང་སོལ་རླངས།ནུས་རྒྱུ་གསར་པ།བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བའི་ནུས་རྒྱུ་མཁོ་འདོན་གྱི་མ་ལག་ཅིག་ཆགས་པ་མ་ཟད་ལག་རྩལ་དང་སྒྲིག་སྦྱོར་ཆུ་ཚད་ཀྱང་མངོན་གསལ་དོད་པོས་གོང་མཐོར་སོང་ནས་ཐོན་སྐྱེད་དང་འཚོ་བའི་ཐད་ནུས་རྒྱུ་སྤྱོད་པའི་ཆ་རྐྱེན་ཡང་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད།རང་རྒྱལ་གྱི་ནུས་རྒྱུ་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཀྱང་ནུས་རྒྱུ་དགོས་མཁོ་ཆེ་བའི་གནོན་ཤུགས་ཧ་ཅང་ཆེ་རུ་སོང་བ་དང་།ནུས་རྒྱུ་མཁོ་འདོན་ཐད་ཚོད་འཛིན་མང་བ།ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་ཀྱིས་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཟོ་བ།ནུས་རྒྱུའི་ལག་རྩལ་ཆུ་ཚད་ཁྱོན་ཡོངས་ནས་རྗེས་སུ་ལུས་པ་སོགས་ཀྱི་འགྲན་སློང་འཕྲད་བཞིན་ཡོད།ང་ཚོས་ངེས་པར་དུ་རྒྱལ་ཁབ་འཕེལ་རྒྱས་དང་བདེ་འཇགས་ཀྱི་འཐབ་ཇུས་མཐོ་ཚད་ཀྱི་ཐོག་ནས་དུས་གནས་རྟོག་དཔྱོད་དང་བབ་བསྟུན་ལས་སྒྲུབ་བྱས་ཏེ་ནུས་རྒྱུའི་འཕེལ་ཕྱོགས་དང་མཐུན་པའི་ལམ་བུ་ཞིག་འཚོལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་ཁག་ལྔ་བཏོན་གནང་བ་སྟེ།དང་པོ།ནུས་རྒྱུའི་འཛད་སྤྱོད་གསར་བརྗེར་སྐུལ་འདེད་བཏང་ནས་ལུགས་མཐུན་མིན་པའི་ནུས་རྒྱུ་འཛད་སྤྱོད་བཀག་འགོག་བྱེད་དགོས་ཤིང་།ནུས་རྒྱུ་འཛད་སྤྱོད་ཀྱི་སྤྱི་འབོར་ཚོད་འཛིན་མཐའ་གཅིག་ཏུ་བྱས་ནས་ནུས་རྒྱུ་གྲོན་ཆུང་སྔོན་དུ་བྱེད་པའི་བྱེད་ཕྱོགས་དོན་འཁྱོལ་ནུས་ལྡན་བྱས་ཏེ་ནུས་རྒྱུ་གྲོན་ཆུང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་བྱས་ཐོག་བློ་བརྟན་འགྱུར་མེད་ཀྱིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ནུས་རྒྱུ་གྲོན་ཆུང་ལ་མཐོང་ཆེན།གྲོན་ཆུང་བསྲི་ཚགས་ཀྱི་འཛད་སྤྱོད་ལྟ་བ་ཆགས་པ།ནུས་རྒྱུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་གང་མགྱོགས་གྲུབ་པ་བཅས་བྱེད་དགོས་པ་དང་།གཉིས་པ།ནུས་རྒྱུ་མཁོ་འདོན་གྱི་གསར་བརྗེར་སྐུལ་མ་བཏང་ནས་སྣ་མང་མཁོ་སྤྲོད་ཀྱི་མ་ལག་ཅིག་འཛུགས་དགོས་ཤིང་།རྒྱལ་ནང་གི་སྣ་མང་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་ལ་གཞི་བཙུགས་ནས་རྡོ་སོལ་གཙང་ཞིང་ནུས་ཆེའི་ངང་སྤྱོད་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་བ་དང་རྡོ་སོལ་མིན་པའི་ནུས་རྒྱུ་གོང་དུ་སྤེལ་ནས་རྡོ་སོལ་དང་།སྣུམ།སོལ་རླངས།ཉིང་རྡུལ།ནུས་རྒྱུ་གསར་པ།བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་བཅས་རིགས་མང་པོ་མཉམ་སྤྱོད་ཀྱི་ནུས་རྒྱུའི་མཁོ་སྤྲོད་མ་ལག་ཅིག་གྲུབ་པ་བྱས་ནས་ནུས་རྒྱུ་འདྲེན་བཀོད་དྲ་རྒྱ་དང་གསོག་འཇོག་སྒྲིག་བཀོད་འཛུགས་སྐྲུན་ལ་དུས་གཅིག་ཏུ་ཤུགས་སྣོན་རྒྱག་དགོས་པ།གསུམ་པ།ནུས་རྒྱུའི་ལག་རྩལ་གསར་བརྗེར་སྐུལ་མ་བཏང་ནས་ཐོན་ལས་ཀྱི་རིམ་འཕར་ལ་སྐུལ་ཁྲིད་བྱེད་དགོས་ཤིང་།རང་རྒྱལ་གྱི་གནས་ཚུལ་ལ་གཞི་བཙུགས་ཏེ་རྒྱལ་སྤྱིའི་ནུས་རྒྱུའི་ལག་རྩལ་གསར་བརྗེའི་འཕེལ་ཕྱོགས་གསར་པའི་རྗེས་འབྲངས་པ་དང་འབྱུང་འཕྲོད་ཐཱན་ཉུང་དེ་ཁ་ཕྱོགས་སུ་བྱེད་པ་དང་།ལག་རྩལ་གསར་གཏོད་དང་།ཐོན་ལས་གསར་གཏོད།ཚོང་ལས་གཉེར་སྟངས་གསར་གཏོད་བཅས་ལ་རིགས་དབྱེའི་སྐུལ་མ་གཏོང་དགོས་པ་མ་ཟད།ཁྱབ་ཁོངས་གཞན་གྱི་མཐོ་གསར་ལག་རྩལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ནུས་རྒྱུའི་ལག་རྩལ་དང་དེ་འབྲེལ་ཐོན་ལས་ནི་རང་རྒྱལ་ཐོན་ལས་རིམ་འཕར་ལ་སྐུལ་ཁྲིད་བྱེད་པའི་འཕར་གནས་གསར་པར་གསོ་སྤེལ་བྱེད་དགོས་པ།བཞི་པ།ནུས་རྒྱུའི་སྒྲིག་སྲོལ་གསར་བརྗེར་སྐུལ་མ་བཏང་ནས་ནུས་རྒྱུ་འཕེལ་རྒྱས་ཀྱི་མྱུར་ལམ་ཤར་གཏོང་བྱེད་དགོས་ཤིང་།སྒྱུར་བཅོས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་སྤེལ་བཏང་ནས་ནུས་རྒྱུ་ཚོང་རྫས་ཀྱི་ངོ་བོ་སླར་གསོ་བྱས་ནས་ནུས་ལྡན་འགྲན་རྩོད་ཀྱི་ཁྲོམ་རའི་གྲུབ་ཆ་དང་ཁྲོམ་རའི་མ་ལག་བཟོ་བ་དང་།གཙོ་བོར་ཁྲོམ་རས་ནུས་རྒྱུའི་རིན་གོང་གཏན་ལ་འབེབས་པའི་ལམ་སྲོལ་ཆགས་པ།ནུས་རྒྱུའི་ཐད་ཀྱི་སྲིད་གཞུང་གི་ལྟ་སྡོམ་བྱེད་སྟངས་བསྒྱུར་བ།ནུས་རྒྱུའི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ།ལྔ་པ།རྒྱལ་སྤྱིའི་མཉམ་ལས་ཐད་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་སྒོ་དབྱེའི་ཆ་རྐྱེན་འོག་གི་ནུས་རྒྱུའི་བདེ་འཇགས་ཡོང་བ་བྱེད་དགོས་ཤིང་།གཙོ་བོར་རྒྱལ་ནང་གི་སྔོན་འགྲོའི་ཆ་རྐྱེན་ལ་གཞི་བཙུགས་ཏེ་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་དང་འབྲེལ་བའི་ཕྱོགས་ཚང་མར་རྒྱལ་སྤྱིའི་མཉམ་ལས་ཀྱི་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཐོན་ཁུངས་བེད་སྤྱོད་གང་ལེགས་གཏོང་དགོས་པ་བཅས་རེད།

    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།2030ལོའི་ནུས་རྒྱུ་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེའི་འཐབ་ཇུས་གང་མྱུར་བཟོ་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”ནུས་རྒྱུའི་འཆར་འགོད་ལ་ཞིབ་འཇུག་བྱེད་དགོས་ཤིང་།ནུས་ཕྱོད་ཚད་གཞི་ཁག་གཅིག་ལ་གང་མྱུར་བཟོ་བཅོས་རྒྱག་པ་དང་རྗེས་སུ་ལུས་རིགས་ཚང་མར་བཟོ་བཅོས་གང་མྱུར་བརྒྱབ་ཐོག་དུས་བཅད་ལྟར་གསར་སྒྱུར་བྱས་ནས་ལག་བསྟར་དངོས་འབྲེལ་བྱེད་དགོས།གློག་ཤུགས་ཕྱིར་འདྲེན་གཙོ་བོར་བྱས་པའི་ཆན་ཝ་ཁྲི་ཚོ་སྟོང་རིམ་པའི་སོལ་གློག་རྟེན་གཞི་ཆེ་གྲས་མུ་མཐུད་བསྐྲུན་ནས་སོལ་གློག་འཕྲུལ་འཁོར་ཚན་པའི་ཆོག་འཐུས་ཚད་གཞི་ཆེ་རུ་གཏོང་བ་དང་།ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ཚད་གཞི་མི་ལོན་པའི་ཞབས་ཞུ་བའི་འཕྲུལ་ཚན་ལ་དུས་བཀག་ལྟར་ལག་བསྟར་སྒྱུར་བཀོད་རིམ་འཕར་བྱས་ནས་རྒྱང་ཐག་རིང་བ་དང་ཤོང་ཚད་ཆེ་བའི་གློག་འདྲེན་ལག་རྩལ་མུ་མཐུད་གོང་འཕེལ་གཏོང་དགོས།རྒྱལ་སྤྱིའི་བདེ་འཇགས་ཚད་གཞི་མཐོ་ཤོས་ལ་བརྟེན་པ་དང་བདེ་འཇགས་འགན་ལེན་གྱི་རྨང་གཞིའི་ཐོག་ཤར་རྒྱུད་མཚོ་རྒྱུད་ས་ཁུལ་གྱི་ཉིང་གློག་རྣམ་གྲངས་གསར་པ་འཛུགས་སྐྲུན་གང་མྱུར་བྱེད་འགོ་འཛུགས་དགོས།“ཁུལ་གཅིག་ལམ་གཅིག”གི་ནུས་རྒྱུའི་མཉམ་ལས་ཐད་དངོས་སྒྲུབ་སྐུལ་སྤེལ་བྱས་ནས་ཨེ་ཤེ་ཡ་དབུས་མ་དང་།དབུས་ཤར།གླིང་ཆེན་ཨ་མེ་རི་ཀགླིང་ཆེན་ཨ་ཧྥེ་རི་ཁ་སོགས་ཀྱི་སྣུམ་རླངས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས།སྣུམ་རླངས་ཐོན་ཁུངས་ཀྱི་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྣུམ་རླངས་མདོང་ལམ་དང་སྣུམ་རླངས་གསོག་འཇོག་གི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།ནུས་རྒྱུའི་འཕྲལ་སྡོམ་མ་ལག་དང་ནུས་ཤུགས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ།ནུས་རྒྱུའི་བསྡོམས་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།ནུས་རྒྱུའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་གང་མྱུར་གློག་ཤུགས་སྒྲིག་སྲོལ་སྒྱུར་བཅོས་དང་རྡོ་སྣུམ་རང་བྱུང་སོལ་རླངས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྤྱིའི་ཇུས་གཞི་གང་མྱུར་བཟོ་བ་དང་།ནུས་རྒྱུའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བཟོ་སྒྱུར་རྩིས་མེད་ལས་དོན་བསྒྲུབ་འགོ་འཛུགས་དགོས།

    ཀྲུང་དབྱང་གི་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཞུགས་པ་དང་།ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག