མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:53

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕེན་གྱིས་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ཏེ། རང་རྒྱལ་གྱི་ནུས་ཁུངས་བདེ་འཇགས་འཐབ་ཇུས་ལ་ཞིབ་འཇུག་བྱས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནུས་ཁུངས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་གནད་དོན་ཞིག་ཡིན་པས། རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་གཏོང་བ་དང་། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཡུན་སྐྱོང་བདེ་འགོད་ཡོང་བར་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་ལྡན། ནུས་ཁུངས་མཁོ་སྤྲོད་རྣམ་པའི་འགྱུར་ལྡོག་གསར་བ་དང་། རྒྱལ་སྤྱིའི་ནུས་ཁུངས་ཀྱི་འཕེལ་ཕྱོགས་གསར་བའི་མདུན་དུ། རྒྱལ་ཁབ་ཀྱིས་ནུས་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ན། ངེས་པར་དུ་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་དགོས། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེ་ནི་དུས་ཡུན་རིང་བའི་འཐབ་ཇུས་ཤིག་ཡིན་པས། ངེས་པར་དུ་མིག་སྔར་ནས་མགོ་ཚུགས་ཏེ། ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་མྱུར་དུ་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཀྲང་ཀའོ་ལི་གཉིས་གྲོས་ཚོགས་སུ་ཞུགས།

    གྲོས་ཚོགས་ནས་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་རང་རྒྱལ་གྱི་ནུས་ཁུངས་བདེ་འཇགས་འཐབ་ཇུས་སྐོར་གྱི་ཡར་ཞུ་ལ་ཉན་པ་དང། མགོ་ཁྲིད་ཚན་ཆུང་གི་མི་སྣས་དེར་གྲོས་བསྡུར་བྱས།

    ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་དུས་ཡུན་རིང་བོའི་འཕེལ་རྒྱས་བརྒྱུད་དེ། རང་རྒྱལ་འཛམ་གླིང་གི་ཆེས་ཆེ་བའི་ནུས་ཁུངས་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་ཅིག་ཏུ་གྱུར་ཏེ། རྡོ་སོལ་དང་གློག་ཤུགས། རྡོ་སྣུམ། རང་བྱུང་སོལ་རླངས། ནུས་ཁུངས་གསར་བ། ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཁུངས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་ནུས་ཁུངས་མཁོ་སྤྲོད་རྣམ་པ་ཞིག་ཆགས་ཡོད་པས། ལག་རྩལ་སྒྲིག་སྦྱོར་གྱི་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་སུ་གཏོང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་ནུས་ཁུངས་བཀོལ་སྤྱོད་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་གཏོང་དགོས་ཞེས་བསྟན།

    ཞི་ཅིན་ཕེན་གྱིས་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེར་སྐུལ་འདེད་གཏོང་བའི་ཐད་ལ་རེ་བ་ལྔ་བཏོན་པ་སྟེ། གཅིག་ནི་ནུས་ཁུངས་འཛད་སྤྱོད་གསར་བརྗེར་སྐུལ་འདེད་བཏང་སྟེ། ལུགས་མཐུན་མིན་པའི་ནུས་ཁུངས་འཛད་སྤྱོད་ཚོད་འཛིན་བྱེད་དགོས་པ་དང་། གཉིས་ནི་ནུས་ཁུངས་འདོན་སྤྲོད་གསར་བརྗེར་སྐུལ་འདེད་བཏང་སྟེ། སྣ་མང་ཅན་གྱི་མཁོ་སྤྲོད་མ་ལག་འཛུགས་སྐྲུན་བྱེད་དགོས། གསུམ་ནི་ནུས་ཁུངས་ལག་རྩལ་གསར་བརྗེར་སྐུལ་འདེད་བཏང་སྟེ། ཐོན་ལས་ཀྱི་རིམ་པ་སྤར་བར་སྣེ་ཁྲིད་བྱེད་དགོས། བཞི་ནི་ནུས་ཁུངས་སྒྲིག་གཞིའི་གསར་བརྗེར་སྐུལ་འདེད་བཏང་སྟེ། ནུས་ཁུངས་ཐོན་སྐྱེད་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། ལྔ་ནི་རྒྱལ་སྤྱིའི་བར་གྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སྒོ་འབྱེད་ཀྱི་ཆ་རྐྱེན་འོག་ནུས་ཁུངས་བདེ་འཇགས་མངོན་འགྱུར་བྱེད་དགོས་པ་བཅས་རེད།

    ཞི་ཅིན་ཕེན་གྱིས2030ལོའི་བར་གྱི་ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་གསར་བརྗེའི་འཐབ་ཇུས་མྱུར་དུ་འགོད་དགོས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནུས་ཁུངས་ཐོན་སྐྱེད་ཀྱི་ཇུས་གཞིར་ཞིབ་འཇུག་བྱེད་དགོས་ཞེས་ནན་གྱིས་གསུངས།

    ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་མི་སྣ་གྲོས་ཚོགས་སུ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་དུ་ཞུགས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག