མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ནས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ནས་གྲོན་ཆུང་སྲིལ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-13 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སུ་སྤེལ་བའི་གྲོན་ཆུང་སྲིལ་ཚགས་ཀྱི་ཀུན་སྤྱོད་བཟང་པོ་ཆགས་པ་བྱས་ནས་དམངས་ཡོངས་ཀྱིས་གྲོན་ཆུང་སྲིལ་ཚགས་བྱེད་པའི་བྱ་སྤྱོད་ཅེས་པའི་བྱེད་སྒོ་ཁག་གི་ནང་། ས་གནས་ཁག་གིས་རིན་གོང་ཁ་གསབ་བྱས་ནས་ནུས་རྒྱུ་གྲོན་ཆུང་གློག་གིས་གློག་སྒྲོན་གཞན་གྱི་ཚབ་བྱ་རྒྱུ་དང་། ནོར་སྲིད་ཁ་གསབ་ཀྱིས་མང་ཚོགས་ནས་ནུས་རྒྱུ་གྲོན་ཆུང་གི་ཁྱིམ་ཆས་ཉོ་རྒྱུར་ཁྲིད་སྟོན་བྱ་རྒྱུ། ནུས་རྒྱུ་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་དང་ འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་སྟོན་བྱ་རྒྱུ། བྱེད་ཐབས་མང་པོ་སྤྱད་ནས་ཆུ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ལ་སྐུལ་མ་བཏང་ཡོད་པ་རེད། ནོར་སྲིད་པུས། གོམ་སྟབས་རྗེས་མར། རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་བྱ་སྤྱོད་ཀྱི་འཆར་གཞི་ཞེས་པའི་བླང་བྱར་གཞིགས་ཏེ། ནུས་རྒྱུ་གྲོན་ཆུང་གི་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱས་ནས། ནུས་རྒྱུ་གྲོན་ཆུང་གི་སྣེ་ཁྲིད་ཐོན་རྫས་སམ་ཁེ་ལས་ལ་ནོར་སྲིད་བྱ་དགའ་སྤྲོད་པ་དང་། ཁྲོམ་ར་དང་ལས་རིགས་ཀྱི་མིག་དཔེ་བཟོས་ཏེ། ནུས་པ་མཐོ་བའི་ནུས་རྒྱུ་གྲོན་ཆུང་གི་ཐོན་རྫས་ཁྱབ་གདལ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གྲོན་ཆུང་གི་བཙན་ཐབས་རང་བཞིན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་གི་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་རེད།

ཐོན་རྫས་ལ་ཐད་ཀར་རྒྱབ་སྐྱོར་བྱས་པ་ཕུད། ཉེ་ལམ་ལོ་ཤས་རིང་ཀྲུང་དབྱང་ནོར་སྲིད་ནས་ད་དུང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པ་བརྒྱུད་ནུས་རྒྱུ་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་གི་ཕྱོགས་བསྡུས་དཔེ་སྟོན་བྱས་ཡོད་པ་དང་། སྤྱི་ལོ2013ལོའི་ལོ་མཇུག་བར་སླེབས་དུས། ཀྲུང་དབྱང་ནོར་སྲིད་ནས་རིམ་བརྩིས་བྱས་ན་ནོར་སྲིད་བྱ་དགའི་མ་དངུལ་སྒོར་དུང་ཕྱུར83.2སྔོན་ལ་བཏང་ཡོད་པ་རེད། ནོར་སྲིད་པུས། གོམ་སྟབས་རྗེས་མར། གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ་དང་སྐྱེ་ཁམས་ཤེས་དཔལ་སོགས་འཐབ་ཇུས་གལ་ཆེན་ཟུང་འབྲེལ་བྱས་ཏེ། སྲིད་ཇུས་གཅིག་བསྡུས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། དཔེ་སྟོན་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་མི་འཚོ་སྡོད་བྱ་རྒྱུར་སྟབས་བདེ་བསྐྲུན་པ། མི་ཆོས་རིག་གནས་གྲོང་ཁྱེར་འཛུགས་རྒྱུར་དེ་བས་མཐོང་ཆེན་བྱ་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱས་ཏེ། ལེགས་བསྡུས་ཞིབ་གཉེར་དང་། རིག་ནུས། སྦགས་བཙོག་མེད་པ། ཐན་ཉུང་བཅས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་ཅན་གྱི་འགྲོ་ལམ་གསར་པའི་ཐོག་བསྐྱོད་དེ། ནུས་རྒྱུ་གྲོན་ཆུང་དང་སྦུད་བཤངས་ཉུང་གཏོང་། གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ། དེ་བཞིན་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་གཞི་གཅིག་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག