མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཤིས་ན་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-06-12 11:32

    ཟླ་6ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་བྷང་ག་ལའི་ཙུང་ལི་ཧ་ཤིས་ན་དང་མཇལ་འཛོམས་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་10ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་ཧ་ཤིས་ན་དང་མཇལ་འཛོམས་གནང་བ་རེད།

    ཞིས་ཅིན་ཕིང་གིས་ཧ་ཤིས་ན་ཡིས་ཕ་དམ་པ་ཙུང་ཐུང་ལ་ཧོ་མན་གྱི་ཕུགས་རེ་རྒྱུན་འཛིན་བྱས་ཏེ་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ལ་གཞོལ་བར་བསྔགས་བརྗོད་གནང་ཞིང་།ཞིས་ཅིན་ཕིང་གིས་བྷང་ག་ལ་ནི་ཨེ་ཤེ་ཡ་ལྷོ་མ་དང་ཧིན་རྡུ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ།ཀྲུང་གོ་དང་བྷང་ག་ལ་གཉིས་ཀྱང་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན།ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་བྷང་ག་ལ་འདི་ཉིད་ཨེ་ཤེ་ཡ་ལྷོ་མ་དང་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་འཕེལ་རྒྱས་རོགས་ཟླ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད།རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡངས་བའི་མདུན་ལམ་ལྡན་ཁར།སང་ལོ་ནི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཡིན་པས།ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བྱེད་ཐབས་སྣ་མང་གི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དང་ཁྱབ་ཁོངས་ཁག་གི་དངོས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་བྷང་ག་ལའི་དབར་གྱི་དེ་བས་ཟབ་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་ཕྲན་2010ལོའི་ཟླ་བ་དྲུག་པར་བྷང་ག་ལར་འཚམས་འདྲི་ཞུས་པ་ཡིན།སྐབས་དེ་དུས་ཕྱོགས་གཉིས་པོའི་ཐུན་མོང་ངོས་འཛིན་མཉམ་ལས་རྣམ་གྲངས་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་བས་ཕྲན་ཧ་ཅང་དགའ་པོ་བྱུང་།ད་ཐེངས་ཁྱེད་ཀྲུང་གོར་འཚམས་འདྲི་གནང་རིང་།ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་།ནུས་རྒྱུ།གནོད་འཚེ་སྔོན་འགོག་དང་ཉུང་གཏོང་།འགོག་སྲུང་ལས་དོན།རྒྱ་མཚོ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་མཉམ་ལས་ཐད་གྲུབ་འབྲས་ཏན་ཏིག་ཐོབ་ཡོད།བྷང་ག་ལ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།བྷང་ག་ལ་ཕྱོགས་དང་ཞིང་ལས་སོགས་ཁྱབ་ཁོངས་ཐད་ཀྱི་ལག་རྩལ་དང་ཉམས་མྱོང་ཐུན་མོང་ཐོག་ལོངས་སུ་སྤྱོད་འདོད་ཡོད་ལ།བྷང་ག་ལ་ཕྱོགས་ཀྱིས་དབུལ་པོ་ཉུང་དུ་གཏོང་རྒྱུ་དང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་ཡང་རོགས་རམ་བྱ་རྒྱུ་ཡིན།བྷང་ག་ལ་ནི་མཚོ་ཐོག་དར་གོས་ལམ་བུའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན།དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྐྲུན་རྒྱུ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུའི་མཉམ་ལས་གྲོས་གཞིའི་ནང་བྷང་ག་ལ་ཞུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག་བྷང་ག་ལ་དང་།ཀྲུང་གོཧིན་རྡུ།འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཁེ་ཕན་ཐུན་མོང་ཚོགས་པ་གཏོད་དེ་རྒྱལ་ཁབ་གཉིས་དང་ས་ཁུལ་དེ་རང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།ཕྱོགས་གཉིས་པོས་ད་དུང་གནད་དོན་གལ་ཆེན་ཐད་འབྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞི་བདེ་སྲུང་སྐྱོང་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

    ཧ་ཤིས་ནས་སྤྲོ་བ་ཆེན་པོས་ཕ་དམ་པ་ལ་ཧོ་མན་གྱིས་ཀྲོའུ་ཨེན་ལེ་སོགས་ཀྲུང་གོའི་མི་རབས་རྒན་གྲས་ཀྱི་འགོ་ཁྲིད་དབར་གྱི་མཛའ་གྲོགས་འགྲོ་འོང་གནས་ཚུལ་སྐོར་དྲན་གསོ་གནང་ནས་བྷང་ག་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་པ་མ་ཟད།རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་འབྲེལ་བ་འཕེལ་རྒྱས་བཟང་པོ་བྱུང་ནས་དུས་ཚོད་ཀྱི་ཉམས་སད་ཐེག་ཡོད་ཅེས་བཤད་པ་རེད།ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་བྷང་ག་ལར་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།བྷང་ག་ལ་ཕྱོགས་ཀྱིས་དབུལ་སྒྲོལ་ཐད་གཞོལ་བཞིན་ཡོད་པ་དང་2021ལོར་ཡོང་འབབ་འབྲིང་བའི་རྒྱལ་ཁབ་བསྐྲུན་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་བཞིན་ཡོད།ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་དང་མཉམ་ལས་ཐད་ཤུགས་སྣོན་རྒྱག་རྒྱུ་མ་ཟད།ཀྲུང་གོའི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་གྱི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བྷང་ག་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན།ཕྲན་ཁུན་མིན་དུ་གཉེར་བའི་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་ནང་ཞུགས་སྐབས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་ཚོར་བྱུང་།ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“ཁུལ་གཅིག་དང་ལམ་གཅིག”གི་གྲོས་ཆོད་གལ་ཆེན་ལ་མོས་མཐུན་ཡོད།བྷང་ག་ལ་དང་།ཀྲུང་གོཧིན་རྡུ།འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་བསྐྲུན་རྒྱུ་དེ་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་པས་དེའི་ནང་ཞུགས་འདོད་ཡོད་ཅེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག