མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་སྟེ། སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ཐད་སྒོ་ཀུན་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་བཀོད་སྒྲིག་བྱས་པ།བོད་ལྗོངས་ཉིན་རེའི་ཚགས་པར།

    2014-06-12 10:48

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་བཀོད་སྒྲིག་ལྟར་ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ་བཏང་ནས་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་མ་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་པ་འདོགས་པ་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ཐད་སྒོ་ཀུན་ནས་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། དེ་ནི་སྐབས་གསར་པའི་སྲིད་གཞུང་བཙུགས་ཚུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་སྒོ་ཀུན་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཐེངས་དང་པོ་དེ་རེད།

    བརྡ་ཐོའི་ནང་ད་རེས་ལྟ་སྐུལ་ཞིབ་བཤེར་ཐད་དམིགས་ཡུལ་བཞི་ལ་སླེབས་ཐུབ་པ་བྱས་ནས་དེས་མང་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པ་དང་། སྲིད་ཇུས་དོན་འཁྱོལ་ལ་སྐུལ་མ་གཏོང་བ། སྲིད་འཛིན་ནུས་པ་ཆེ་རུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་གཏོད་པ་བཅས་ཀྱི་བྱ་སྤྱོད་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་པ་སྟེ། གཅིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་ལག་བསྟར་དོན་འཁྱོལ་འགོ་ནས་མཇུག་བར་འཁྱོལ་བ་དང་བར་དུ་འགལ་རྐྱེན་མེད་པར་སྲིད་བཀའ་ཐོགས་མེད་དང་བཀའ་གསུང་ཅི་སྒྲུབ་འགན་ལེན་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་གང་མྱུར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་མ་བཏང་སྟེ་ཕན་འབྲས་ངོ་མ་ཐོན་པ་བྱས་ཐོག་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་འགན་ལེན་བྱེད་པ་དང་། གཉིས་ནི་གང་བཤད་དོན་འཁྱོལ་དང་གང་བྱས་མཐའ་འཁྱོངས་བྱེད་པའི་སྲིད་སྐྱོང་དར་སྲོལ་གསར་པ་བཙུགས་ཏེ་ས་སྲུང་གི་འགན་འཁྲི་ཡོད་པ་དང་འབད་འབུངས་ཧུར་བརྩོན་བྱས་ནས་སྐབས་གསར་པའི་སྲིད་གཞུང་གིས་མི་དམངས་ལ་ཁས་བླངས་པ“སྟོང་བཤད་མི་བྱེད་པར་གང་བཤད་དེ་སྒྲུབ”ལག་བསྟར་ཐུབ་པ་བྱེད་པ། གསུམ་ནི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ནུས་ལྡན་མ་བྱུང་བར་འགན་འཁྲི་རྩད་གཅོད་ནན་པོ་བྱས་ཏེ་ཁྲིམས་དང་སྒྲིག་ལམ་ལྟར་དྲན་སྐུལ་སློབ་གསོ་གཏོང་བ་དང་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་པ་དང་ཐ་ན་སྲིད་འཛིན་གྱི་ཆད་པ་གཅོད་དགོས། ད་རེས་ལྟ་སྐུལ་ཞིབ་བཤེར་ཐད་བྱ་སྤྱོད་ངོ་མ་སྤྱད་ནས་འགན་འཁྲི་གཙང་སྒྲུབ་མ་བྱུང་ན་འགན་འཁྲི་རྩད་གཅོད་བྱས་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། བཞི་ནི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་རིང་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་འཐུས་ཚང་དུ་གཏོང་བ་དང་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཚོར་སྲིད་ཇུས་བྱ་ཐབས་ལས་བྱུང་བའི་ཕན་འབྲས་ངོ་མ་ཚོར་ཐུབ་པ་བྱས་ཏེ་སྲིད་གཞུང་གི་སྤྱི་པའི་ཡིད་ཆེས་བྱེད་ཤུགས་དང་ལག་བསྟར་བྱེད་ཤུགས་ནུས་ལྡན་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།

    བརྡ་ཐོའི་ནང་ད་རེས་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་གཙོ་བོ་ནི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཀོད་སྒྲིག་བྱས་པའི་2014ལོའི་གཙོ་གནད་ལས་དོན་དང་ན་ནིང་ལོ་སྨད་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་མ་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་པ་འདོགས་པ་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་བྱེད་ཚུལ་ཡིན་པ་དེའི་ནང་ཕྱོགས་བཅུ་དགུའི་ཐད་ཀྱི་གཙོ་གནད་ནང་དོན་ཚུད་ཡོད། ད་རེས་ལྟ་སྐུལ་ཞིབ་བཤེར་ཐད་བྱེད་སྟངས་གསར་གཏོད་བྱས་ཏེ་རང་བཤེར་དང་ས་གནས་ས་ཐོག་གི་ཞིབ་བཤེར་ཟུང་འབྲེལ་དང་། ལྟ་སྐུལ་ཞིབ་བཤེར་དང་ཕྱོགས་གསུམ་པོའི་དཔྱད་འཇོག་ཟུང་འབྲེལ། ལྟ་སྐུལ་ཞིབ་བཤེར་དང་སྤྱི་ཚོགས་ཀྱི་དཔྱད་དཔོག་ཟུང་འབྲེལ། ལྟ་སྐུལ་ཞིབ་བཤེར་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཟུང་འབྲེལ་བཅས་བྱ་རྒྱུ་རེད་ཅེས་གསལ་པོ་བསྟན་ཡོད་པ་རེད།

    བརྡ་ཐོའི་བླང་བྱ་ལྟར་ཟླ་6ཚེས་25ཉིན་གྱི་གོང་དུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་བཤེར་བྱ་རྒྱུ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རང་བཤེར་སྙན་ཞུ་འབུལ་དགོས་པ་དང་། ཟླ་6ཚེས་25ནས་ཟླ་7ཚེས་5ཉིན་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་8འབྲེལ་ཡོད་སྡེ་ཚན་དང་ཚན་པ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གཅིག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་གཏོང་རྒྱུ་ཡིན་ལ། ཟླ་7ཚེས་10ཉིན་གྱི་གོང་དུ་ལྟ་སྐུལ་ཞིབ་ཚོགས་ཆུང་ཁག་གིས་ལྟ་སྐུལ་ཞིབ་བཤེར་གྱི་སྙན་ཞུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འབུལ་རྒྱུ་ཡིན་པ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག