མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་ཁང་གཉིས་ཀྱི་ཡོའན་ཧྲིའི་ཁྲོད་ལན་ཆ་ཡག་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-11 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲིའི་ཚོགས་འདུ་ཐེངས་བཅུ་བདུན་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲིའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་བར་ཁང་གཉིས་པོའི་ཡོའན་ཧྲིའི་ཁྲོད་ལན་ཆ་ཡག་པོ་བྱུང་ཡོད་པ་རེད། ཡོའན་ཧྲི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མཆོག་ནས་བཏོན་གནང་བའི་གལ་ཆེའི་བསམ་བློ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པས་རང་རྒྱལ་གྱི་ཚན་རྩལ་གོང་འཕེལ་ཐད་གལ་ཆེའི་མཛུབ་ཁྲིད་དོན་སྙིང་ལྡན་པའི་ངོས་འཛིན་གནང་བ་དང་། ཚང་མས་རང་ཉིད་ནས་སྔོན་ལ་མིག་དཔེ་སྟོན་པ་དང་། རང་ནུས་གང་ཡོད་བཏོན་ཏེ་རྒྱལ་ཁབ་ཀྱིས་གསར་གཏོད་ཀྱིས་གོང་འཕེལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱ་ཆེད་ཐབས་དང་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་གི་འགོ་འཛིན་པའེ་ཁྲུན་ལིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་གནད་ཐོག་ཕྱོགས་གསུམ་གྱི་ནང་དོན་ནན་གསུང་གནང་ཡོད་པ་སྟེ། གཅིག་ནི། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པའི་རྩ་བ་ནི་གསར་གཏོད་ནུས་པ་ཤུགས་ཆེར་གཏོང་ཆེད་ཡིན་པ་དེ་ཡིན་པ་དང་། གཉིས་པ་ནི་རང་རྒྱལ་གྱི་གསར་གཏོད་ཀྱི་རྨང་གཞིར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གཙོ་གནད་ཐོག་ཐོག་མའི་གསར་གཏོད་ནུས་པ་མི་འདང་བ་དང་། འགག་རྩའི་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་གཞན་ལ་བརྟེན་དགོས་པའི་གནད་དོན་ཐག་གཅོད་བྱ་དགོས་པ་དེ་ཡིན་པ། གསུམ་པ་ནི་ཚན་རྩལ་གོང་འཕེལ་གཏོང་བར་ངེས་པར་དུ་འཛམ་གླིང་ཧྲིལ་པོའི་མཐོང་རྒྱ་དགོས་པ་དང་། འབད་བརྩོན་ཆེན་པོས་རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གལ་ཆེའི་གོ་སྐབས་དམ་འཛིན་བྱེད་དགོས་པ་བཅས་ཡིན། དེ་གསུམ་པོ་རང་རྒྱལ་གྱི་ཚན་རྩལ་ལས་རིགས་ཀྱིས་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པའི་ནང་གི་ཆེས་གལ་ཆེ་ཤོས་དང་ཆེས་རྩ་བའི་ལས་འགན་ཡིན་ཞེས་གསུངས་ཡོད་པ་རེད།

ཀྲུང་གོ་བཟོ་སྐྲུན་ཁང་གི་འགོ་འཛིན་ཀྲོའུ་ཅི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་པའི་ནང་བཟུང་བའི་འཐབ་ཇུས་གནས་བབ་དེ་སྔར་ན་མེད་པའི་མཐོ་ཚད་ཐོག་འཇོག་གནང་བ་དང་། རང་རྒྱལ་ཚན་རྩལ་ལས་དོན་གྱི་ལས་འགན་གསར་པ་བཏོན་གནང་བ་དང་། ཁ་ཕྱོགས་གསར་པ་གསལ་བཏོན་གནང་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་གྲུབ་འབྲས་དེ་དོན་དངོས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བསྒྱུར་བའི་འགག་རྩ་ནི་བཟོ་སྐྲུན་ཅན་དང་། ཐོན་ལས་ཅན་ལ་བསྒྱུར་རྒྱུ་དེ་ཡིན་པ་དང་། བཟོ་སྐྲུན་ཁང་གིས་ལས་དོན་དེའི་ཁྲོད་གལ་ཆེའི་ནུས་པ་འདོན་ཆོག་ལ་འདོན་དགོས་ངེས་ཡིན་ལུགས་བཏོན་གནང་ཡོད་ཅེས་གསུངས་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་ཡང་ཞོལ་ཅུན་གྱིས། སྤྱི་ཁྱབ་ཧྲུའུ་ཅིའི་སྙན་ཞུས་ཀྲུང་གོའི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ལ་ཁོང་ཚོར་འབོད་སྐུལ་ཡང་གནང་ཡོད། ཁོང་གིས་ཚན་རྩལ་དང་ཐོན་ལས་ཁྲོད་ཀྱི་མི་འདང་བའི་ཆ་རྙིང་པ་ཐག་གཅོད་ཏན་ཏིག་བྱེད་དགོས་པ་མ་ཟད་ན་གཞོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་དམ་འཛིན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་ཡོད་ཅེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག