མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྐྱེ་ཁུངས་ཤིན་ཅང་ནས་ཡིན་པའི་ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་སློབ་མ་བཅུ་གསུམ་གྱིས་མིང་འགོད་འཕྲིན་ཡིག་བསྐུར་བར་དྲ་དམངས་ཀྱིས་བསྔགས་བརྗོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-09 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་རིགས་མི་འདྲ་བ་ལྔའི་སྐྱེ་ཁུངས་ཤིན་ཅང་ནས་ཡིན་པའི་ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་སློབ་མ་བཅུ་གསུམ་གྱིས་མིང་མཉམ་འགོད་ཐོག་འགོ་བརྗོད་དུ་མེས་རྒྱལ། ཤིན་ཅང་། ངས་ཁྱེད་ལ་ཞུ་འདོད་ཅེས་པའི་རྩོམ་ཡིག་ཅིག་སྤེལ་ནས། མེས་རྒྱལ་དྲན་པ་དང་ཕ་ཡུལ་དྲན་པའི་སེམས་པ་མཚོན་པར་བྱས་ཡོད་པ་རེད། ཉིན་ཤས་བསྟུད་མར། རྩོམ་ཡིག་འདི་བརྒྱུད་སྤེལ་དང་དེར་དཔྱད་གླེང་མང་པོ་བྱས་ཡོད་པ་དང་། དེའི་ལྷག་བསམ་རྣམ་དག་ལ་དྲ་གྲོགས་མང་པོའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་པ་རེད།

རྩོམ་ཡིག་སྤེལ་མཁན་ནི་སུའེ་ཏན་ཡུས་མོ་ཨོ་སློབ་ཆེན་ལ་སློབ་སྦྱོང་བྱེད་བཞིན་པའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་མེར་ཧ་པ་ཨེ་ནེ་ཐུ་ལི་ཡིན་པ་རེད། ཁོང་གིས་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སློབ་མའམ་ཕྱི་རྒྱལ་དུ་ལས་ཀ་བྱེད་བཞིན་པའི་སྐྱེ་ཁུངས་ཤིན་ཅང་ནས་ཡིན་པའི་གཞོན་ནུས་དྲ་བ་བརྒྱུད་གྲོགས་པོ་སྒྲིག་ཡོད་པ་དང་། མི་རིང་བའི་གོང་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་ཤེས་པ་དང་། ཕ་ཡུལ་གྱི་བརྟན་ལྷིང་དང་གོང་འཕེལ་ལ་ཕན་ཐོགས་ཡོད་པའི་སྲིད་ཇུས་མང་པོ་བཏོན་པ་ཤེས་སྐབས་ཚང་མ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད་ཕྱི་རྒྱལ་དུ་ཡོད་པའི་སློབ་མས་རང་ཉིད་ཀྱི་བསམ་ཚུལ་མཚོན་པར་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། ཚང་མས་རང་སོ་སོའི་ས་ནས་མྱོང་ཚོར་བྲིས་པ་དང་བསམ་འཆར་བཏོན་ཞིང་། མཐར་མེར་ཧ་པ་ཨེ་ནེ་ཐུ་ལིས་ལེགས་སྒྲིག་བྱས་པ་མ་ཟད་འགྲེམ་སྤེལ་བྱས་ཡོད་པ་རེད།

ཚེས4ཉིན་གྱི་སྔ་དྲོ་བར་སླེབས་དུས། དབྱིན་ཇི་དང་། ཨ་རི། ཐུར་ཁེ། ལྗར་པན་སོགས་རྒྱལ་ཁབ་བདུན་དུ་སློབ་སྦྱོང་བྱེད་མཁན་ནམ་ལས་ཀ་བྱེད་མཁན་གྱི་སྐྱེ་ཁུངས་ཤིན་ཅང་ནས་ཡིན་པའི་གཞོན་ནུ་བཅུ་གསུམ་གྱིས་བྲིས་པའི་རྩོམ་ཡིག་འདི་པོད་ཕྲན་དང་གླེང་སྟེགས་ཐོག་བརྒྱུད་སྤེལ་ཐེངས་ལྔ་ཁྲི་ལྷག་བྱས་ཡོད་པ་དང་། རིགས་ཁག་གི་དཔྱད་གླེང་ཉིས་ཁྲི་ལྷག་བྱས་ཡོད་པ་རེད། དྲ་གྲོགས་མང་པོ་ཞིག་གིས་ཕྱིར་སྡོད་སློབ་མའི་སྲ་ཞིང་བརྟན་པའི་ལྟ་བ་དང་། རྒྱལ་གཅེས་བསམ་པ་མཚོན་པར་བྱེད་པའི་བྱེད་སྟངས་ལ་རྒྱབ་སྐྱོར་བྱས་ཡོད་ཅིང་། མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་བྱེད་པར་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་བཤད་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཁྲུན་ཞན་གྱིས་ཕྱིར་སྡོད་སློབ་མར་བསྐུར་བའི་ཡིག་ལན་ནང་། སློབ་གྲོགས་ཚོ་གཞན་ཡུལ་དུ་གནས་ཀྱང་། ཁྱེད་ཚོའི་རྒྱབ་ཕྱོགས་སུ་སྟོབས་ཆེའི་མེས་རྒྱལ་དང་ཁྱེད་ཚོར་དགའ་བའི་ཕ་ཡུལ་ཡོད་པས། སློབ་གྲོགས་ཚོས་དཀའ་ངལ་ཁྱད་བསད་བྱས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱས་ཐོག འབྱུང་འགྱུར་མེས་རྒྱལ་གྱི་དྲིན་གསོ་བ་དང་ཕ་ཡུལ་ལ་ཞབས་ཞུ་སྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག