མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་བླང་བྱ་གསར་པ་དང་དུ་བླངས་ནས་གནས་བབ་གསར་པ་བསྐྲུན་རྒྱུའི་སྐོར་གླེང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-04 10:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ་དེས་ཤིན་ཅང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད། ཤིན་ཅང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ནས་གཅིག་རྗེས་གཉིས་མཐུད་ངང་། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ་དེ་ནི་ཤིན་ཅང་གི་གོང་སྤེལ་གྱི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་སྲིད་ཇུས་བྱེད་ཕྱོགས་ཁག་མཐའ་གཅིག་ཏུ་ལག་བསྟར་དང་། གོང་སྤེལ་གྱི་བླང་བྱ་གསར་པ་དོན་འཁྱོལ། འཛུགས་བསྐྲུན་གྱི་གནས་བབ་གསར་པ་གཏོད་པ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཤིན་ཅང་གསར་པ་བསྐྲུན་ཆེད་ཧུར་བརྩོན་ཆེན་པོས་འབད་འཐབ་བྱ་དགོས་ཞེས་གསུངས་འདུག

ཁེ་ལས་ཀྱིས་དམངས་ཀྱི་འཚོ་བ་ལེགས་བཅོས་དང་། ལས་ཞུགས་ལ་སྐུལ་འདེད། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་འཛུགས་བསྐྲུན་སོགས་ཀྱི་ཐད་འོས་འགན་གལ་ཆེན་འཁུར་ཡོད། ཤིན་ཅང་ཀྲུང་ཐའེ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་འཛིན་དཔོན་ཝང་ཧུང་ཤིན་གྱིས། ང་ཚོའི་མི་རིགས་ཁག་གི་ལས་བྱེད་ལས་མི་ཆིག་ཁྲི་ལྷག་ཙམ་གྱིས་བྱ་སྤྱོད་སྔར་ལས་ལྷག་པ་སྤེལ་ནས། གཞུང་ཁོངས་རྐང་འཛིན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ལེགས་པར་ཁུར་ནས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གོང་སྤེལ་འཐབ་ཇུས་དང་ལེན་དང་དེར་ཞབས་ཞུ་བྱེད་པའི་ཁྲོད་ཁེ་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བ་བྱས་ཐོག ཤིན་ཅང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས་འདུག

ཤིན་ཅང་དགེ་འོས་སློབ་གྲྭ་ཆེན་མོའི་ལོ་རྒྱུས་དང་མི་རིགས་རིག་པའི་སློབ་གླིང་གི་འགོ་འཛིན་ཨའོ་མེར་གྱིས། ཤིན་ཅང་མི་རིགས་ཁག་གི་ཤེས་ལྡན་པའི་ཁྲོད་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པ་བྱ་དགོས། ང་ཚོ་སློབ་གྲྭ་ཆེ་ཁག་གི་དགེ་རྒན་ལ་མེས་རྒྱལ་གྱི་མངའ་ཁོངས་སྲུང་བའི་འོས་འགན་ཡོད་ཅིང་། རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་ནས། སློབ་ཚན་དེ་མི་རིགས་མཐུན་སྒྲིལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པའི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་གསུངས་འདུག

ཁ་ཧྲེ་ས་ཁུལ་ཧྲ་ཁྲེ་རྫོང་ཧྲེ་ཁྲེ་གྲོང་རྡལ་གྱི་ཞིང་པ་ཨད་ཧ་མད་ཐེ་ཨད་ལེས་ཀྱིས། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་ས་གནས་དེ་གར་དེང་རབས་ཅན་གྱི་སློབ་གྲྭ་དང་། སྨན་ཁང་། བདེ་སྡོད་དམངས་ཕྱུག་ཁང་པ་བཅས་སྐྲུན་པས། མི་རིགས་ཁག་གི་མང་ཚོགས་ལ་ཕན་ཁེ་དངོས་ཐོབ་ཡོད། ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་ཚོགས་པ་དེས་ས་གནས་དེ་གའི་ཞིང་འབྲོག་པར་རེ་བ་གསར་པ་ཁྱེར་ཡོད། ཏང་གི་སྲིད་ཇུས་ནི་ང་ཚོའི་བདེ་སྐྱིད་འཚོ་བའི་འགན་སྲུང་ཡིན། ང་ཚོ་མེས་རྒྱལ་ལ་དགའ་ཞིང་། ཤིན་ཅང་ལ་གཅེས་པས་མི་སུ་འདྲ་ཞིག་གིས་ཀྱང་ང་ཚོའི་ཐུན་མོང་ཁྱིམ་གཞིས་འདིར་གཏོར་བཤིག་གཏོང་དུ་འཇུག་མི་སྲིད་ཅེས་གསུངས་འདུག  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག