མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-30 10:33

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་གྱི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ། མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་རང་རྒྱལ་དུ་དངོས་གཞིའི་འཚམས་འདྲིར་ཡོང་བར་དགའ་བསུ་ཞུ་བའི་ཚུལ་རེད།
ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ། མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་རང་རྒྱལ་དུ་དངོས་གཞིའི་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་རྫོགས་རྗེས། ལིས་ཁི་ཆང་གིས་ན་ཅི་པུའུ་དང་གྲོས་མོལ་མཛད།

ན་ཅི་པུའུ་ཡིས་བཤད་རྒྱུར། ངས་མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་གསུམ་བདུན་ཐིག་རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་གར་སོང་མ་ཤེས་པའི་དོན་རྐྱེན་བྱུང་བའི་ཐད་ནས་ཀྲུང་གོ་མི་དམངས་དང་ཁྱད་པར་དུ་གནམ་གྲུ་སྟེང་གི་འགྲུལ་བའི་ཁྱིམ་མིར་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་གར་སོང་མ་ཤེས་པའི་གནམ་གྲུ་འཚོལ་ཞིབ་བྱེད་པའི་བྱ་བའི་ཁྲོད་རོགས་སྐྱོར་དང་མཉམ་ལས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་འབྲེལ་ཡོད་ཕྱོགས་ལ་མཉམ་ལས་དམ་པོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དུས་རིམ་རྗེས་མའི་འཚོལ་ཞིབ་དང་བརྟག་དཔྱད་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་རྒྱུ་དང་། གནམ་གྲུའི་སྟེང་གི་འགྲུལ་བའི་ཁྱིམ་མིར་སེམས་གསོ་བྱས་ནས། འོས་འཚམ་སྒོས་དོན་དག་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། མ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་གསུམ་བདུན་ཐིག་རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་གར་སོང་མ་ཤེས་པའི་དོན་རྐྱེན་བྱུང་རྗེས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་སོགས་ཕྱོགས་སོ་སོ་དང་མཉམ་ལས་དམ་པོ་བྱས་ནས། གར་སོང་མི་ཤེས་པའི་གནམ་གྲུ་འཚོལ་ཞིབ་བྱེད་རྒྱུའི་མཚམས་མ་ཆད་པ་དང་། དོན་རྐྱེན་བརྟག་དཔྱད་དང་ཐག་གཅོད་པར་ཧ་ཅང་མཐོང་ཆེན་བྱས་པ་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་གཙོ་ཁྲིད་དང་གཞོགས་འདེགས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། དུས་རིམ་རྗེས་མའི་འཚོལ་ཞིབ་ཇུས་གཞི་གསར་བ་མྱུར་དུ་འགོད་དགོས་པའི་རེ་བ་བཏོན།  

ལིས་ཁི་ཆང་གིས་གསུངས་རྒྱུར། མ་ལེ་ཞི་ཡ་ནི་ཀྲུང་གོའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་དུ་ཡོད་པའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། ད་ལོ་ནི་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་གོ་སྐབས་དེ་དང་བསྟུན་ནས། ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་དམ་པོ་བྱེད་པ་དང་། འཐབ་ཇུས་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། ཁེ་ཕན་མཉམ་བསྲེས་རྒྱ་བསྐྱེད་དེ། མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ན་ཅི་པུའུ་ཡིས་བཤད་རྒྱུར། མ་ལེ་ཞི་ཡ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། མཉམ་དུ་ཨེ་ཤ་ཡའི་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཚོང་ར་གསར་གཏོད་བྱེད་པ་དང་། དུས་རབས་ཉེར་གཅིག་པའི་མཚོ་ཐོག་གི་དར་གོས་ཚོང་ལམ་འཛུགས་སྐྲུན་དང་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས། ཚན་རྩལ། དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག