མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས། སྒྱུར་བཅོས་ཟབ་གཏོང་དང་། ལེགས་ཆ་འདོན་སྤེལ། བསམ་ཕྱོགས་གསར་གཏོད། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-05-12 09:31

    ཟླ་5ཚེས་9དང་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་གིས་ཝུའེ་ཧྲི་རྫོང་ཀྲང་ཧྲེ་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ཞིང་ནང་དུ་གྲོ་སྐྱེ་ཚུལ་ལ་གཟིགས་པའི་གནས་ཚུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཀྲེང་ཀྲོའུ་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་པ་འདོགས་པ། ཉེན་ཁ་འགོག་པ་བཅས་དབར་གྱི་འབྲེལ་བ་མུ་མཐུད་ཐག་གཅོད་ཡག་པོ་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལེགས་ཆ་འདོན་སྤེལ་བྱེད་པ། བསམ་ཕྱོགས་གསར་གཏོད་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་ཡོན་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར། ཟླ་5ཚེས་9དང་10ཉིན་ཧོ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀུའོ་ཀེང་མའོ་དང་ཧྲེང་ཀྲང་ཤེ་ཕུའུ་ཀྲན་གྱི་ཕེབས་རོགས་འོག་ཞིས་ཅིན་ཕིང་ཁའེ་ཧྥུང་དང་ཀྲེང་ཀྲོའུ་སོགས་སུ་ཕེབས་པ་དང་གྲོང་གསེབ་དང་། ཁེ་ལས། ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་བཅས་སུ་ཕེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གཞི་རིམ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་རེད།

    ཚེས་9ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་གིས་ལན་ཁའོ་རུ་རྫོང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་སློབ་གསོ་ལག་ལེན་བྱེད་སྒོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་མཛུབ་ཁྲིད་གནང་རྗེས་ཉིན་དེའི་ཕྱི་དྲོ་ཝུའེ་ཧྲི་རྫོང་ཀྲང་ཧྲེ་གྲོང་རྡལ་དུ་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཤང་གྲོང་རིམ་པའི་སློབ་གསོ་ལག་ལེན་བྱེད་སྒོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཤང་གྲོང་4ནས་ཡོང་བའི་བློ་མཐུན་5ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ངོས་འཛིན་དང་མྱོང་ཚོར་གླེང་བ་དང་། ཞིས་ཅིན་ཕིང་གིས་བར་དུ་བཀའ་འདྲི་ཡང་ཡང་གནང་བ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ཞིང་པར་ཞབས་འདེགས་ཞུ་རྒྱུའི་ཞིབ་ཕྲའི་བྱ་སྤྱོད་སྐོར་གཞི་རིམ་གྱི་བློ་མཐུན་དང་གྲོས་བསྡུར་གནང་བ་རེད། ཁོང་གིས་སྤྱོད་ཚུལ་དམ་འཛིན་དང“སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པའི་ཐད་ཀྲུང་དབྱང་གི་གཏན་འཁེལ་བྱ་སྤྱོད་ཡོད། འོན་ཀྱང་ངེས་པར་དུ་རིགས་དབྱེའི་མཛུབ་ཁྲིད་བྱེད་དགོས་པ་ལས་གོང་འོག་གཅིག་མཚུངས་བྱེད་མི་རུང་། གོང་འོག་སེམས་པ་མཐུན་ཚེ་བསམ་དོན་འགྲུབ་ཐུབ། ཤང་གྲོང་གིས་དོན་དངོས་དང་བསྟུན་ནས་སྤྱོད་ཚུལ་བསྒྱུར་རྒྱུ་དང་ཏང་གཤིས་ལ་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་དང་། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་ལས་ཀའི་ནུས་པ་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ། འཕེལ་རྒྱས་དམ་འཛིན་དང་ཏང་འཛུགས་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། མང་ཚོགས་ལ་དོན་དངོས་སྒྲུབ་པར་ཟོལ་མེད་ཀྱི་བསམ་པ་དགོས་ལ་ཐབས་ཤེས་ཀྱང་དགོས། དོན་དངོས་སྒྲུབ་པའི་བརྒྱུད་རིམ་དེ་མང་ཚོགས་ལ་དྲིལ་བསྒྲགས་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་ལ་སློབ་གསོ་གཏོང་བ་བཅས་ཀྱི་བརྒྱུད་རིམ་ལ་འགྱུར་བ་བྱེད་པ་དང་སྤྱོད་གཙང་གཞུང་བཀུར་དང་། ལས་དོན་གཙང་སྒྲུབ། མང་ཚོགས་ཁྲོད་དུ་གཟུགས་བརྙན་བཟང་པོ་འཛུགས་པ་བཅས་ཀྱི་བརྒྱུད་རིམ་ལ་འགྱུར་བ་བྱེད་དགོས། སློབ་གསོ་ལག་ལེན་གྱི་བྱེད་སྒོར་གོང་འོག་གི་འགོ་ཁྲིད་དང་མང་ཚོགས་རྒྱ་ཁྱབ་ངང་མཉམ་འགུལ་དང་། སྟོབས་ཤུགས་གཅིག་སྡུད་བྱེད་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས་ཞེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པས་སློབ་གསོ་ལག་ལེན་གྱི་བྱེད་སྒོ་གོ་སྐབས་ལ་བརྩིས་ནས་གཅེས་སྤྲས་བྱེད་པ་དང་རང་རྟོགས་ངང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། བསམ་བློའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འགན་འཁུར་བའི་ལས་ཀ་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    ཚེས་9ཉིན་གྱི་ཕྱི་དྲོ་ཞིས་ཅིན་ཕིང་ད་དུང་ཁའེ་ཧྥུང་གྲོང་ཁྱེར་ཝུའེ་ཧྲི་རྫོང་ཀྲང་ཧྲེ་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ཞིང་ཁའི་ཕྱོགས་བསྡུས་གསར་སྤེལ་དཔེ་སྟོན་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། འདི་གའི་ཡུག་གཅིག་ཏུ་སྦྲེལ་བའི་གྲོ་སྙེས་མགོ་ལྕོག་ལྡེམ་ཞིང་། སྐྱེ་ཚུལ་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་ཡོད། ཞིས་ཅིན་ཕིང་གིས་ཞིང་ནང་དུ་ཕེབས་ཏེ་གྲོ་སྙེའི་མིག་རྒྱག་ཚུལ་ལ་ཞིབ་པར་གཟིགས་པ་དང་འབྲེལ་ཞིང་ལས་ལག་རྩལ་པའི་ས་ནས་ཐོན་འབབ་སྔོན་དཔག་དང་ཞིང་དུད་ལ་ཞིང་ཁར་གཡོག་བྱེད་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། མུའུ་རེའི་སྙེ་གྲངས་དང་། འབྲུ་རྡོག་གྲངས། འབྲུ་རྡོག་ཆིག་སྟོང་རེའི་ལྗིད་ཚད་སོགས་སྟོན་གྲངས་ཡག་པོ་ཡོད་པ་དང་དཔེ་སྟོན་ཁུལ་དེར་འབྲུ་རིགས་རྒྱ་མ་ཁྲི་བརྒྱ་ཕྲག་ཁ་ཤས་ཐོན་འཕར་ཡོང་བཟོ་ཡོད་པ་མཁྱེན་རྗེས་ཞིས་ཅིན་ཕིང་ཧ་ཅང་མཉེས་པོ་བྱུང་། ཁོང་གིས་ཕྱོགས་སྡུད་ལག་རྩལ་དང་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་བྱས་ཏེ་དབྱར་འབྲུའི་ལོ་ལེགས་ཡོང་བ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཞིས་ཅིན་ཕིང་གིས་འབྲུ་རིགས་ཀྱི་བདེ་འཇགས་དང“ཞིང་གསུམ”ལས་དོན་ནི་ལས་དོན་ཐམས་ཅད་ཀྱི་རྩ་བ་གལ་ཆེན་ཞིག་ཡིན་པས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམ་འཛིན་ལྷོད་མེད་བྱེད་དགོས། ཧོ་ནན་གྱི་ཞིང་ལས་དང་གྲོང་གསེབ་མི་འབོར་གྱི་བསྡུར་གྲངས་མང་བ་དང“ཞིང་གསུམ”ལས་ཀའི་ལས་འགན་ལྕི་བས་འབྲུ་རིགས་ཀྱི་ལེགས་ཆ་དེ་གང་གི་དུས་སུའང་འདོར་མི་ཉན། རྒྱལ་ཡོངས་འབྲུ་རིགས་ཐོན་སྐྱེད་ཀྱི་ལྟེ་བའི་ཁུལ་གཏོད་རྒྱུའི་དམིགས་ཚད་དང་ལས་འགན་ལ་གཞི་བཙུགས་ཏེ་འབྲུ་རིགས་ཐོན་སྐྱེད་ནུས་པ་མཐོར་གཏོང་ཐད་ཐབས་ལམ་གསར་གཏོད་དང་། འཕེལ་རྒྱས་གཏོང་ཡུལ་འཚོལ་ཞིབ། ལེགས་ཆ་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་པར་ས་ཞིང་ནི་གཞི་རྩ་དང་། ཆུ་བེད་ནི་སྲོག་རྩ། ཚན་རྩལ་ནི་ཐབས་ལམ། སྲིད་ཇུས་ནི་སྒུལ་ཤུགས་བཅས་ཡིན་པས་འགག་རྩའི་ལྷུ་ཚིགས་དེ་དག་རེ་རེ་བཞིན་དོན་འཁྱོལ་གནད་སྨིན་ཡོང་རྒྱུར་དམ་འཛིན་བྱས་ཏེ་གཞི་གནས་མཐོ་པོའི་ཐོག་འབྲུ་རིགས་ཐོན་སྐྱེད་ལ་ཚད་བརྒལ་གསར་པ་ཧུར་ཐག་ཡོང་བ་བྱེད་དགོས། ཁྱིམ་ཚང་གི་གཉེར་སྐྱོང་དང་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གཉིས་གཅིག་གྱུར་བྱས་ཏེ་ས་ཞིང་སྤོ་བཤུག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས་ཞེས་བསྟན་པ་རེད།

    རྟོག་ཞིབ་གནང་སྐབས་ཞིས་ཅིན་ཕིང་གིས་ཧོ་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་གསན་པ་དང་འབྲེལ་ཧོ་ནན་གྱི་ཉེ་བའི་ལོ་ཤས་རིང་གི་ལས་དོན་ལ་གདེང་འཇོག་ཁས་ལེན་གནང་བ་རེད། ཞིས་ཅིན་ཕིང་གིས་རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་དུས་སུ་གནས་ཡོད་པས་ང་ཚོས་ཡིད་ཆེས་ཆེ་རུ་གཏོང་བ་དང་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གཞིགས་ཏེ་རྒྱུན་ཚུལ་གསར་པར་འཚམས་པ་དང་འཐབ་ཇུས་ཐད་ཀྱི་རྒྱུན་གཏན་གྱི་བསམ་པ་རྒྱུན་འཁྱོངས་བྱེད་དགོས། འཐབ་རྩལ་ཐད་ཚད་མཐོའི་མཐོང་ཆེན་དང་ཉེན་ཁ་སྣ་ཚོགས་ལ་དོགས་ཟོན་བྱས་ཏེ་སྔ་ས་ནས་འཆར་གཞི་འདིང་བ་དང་དུས་ཐོག་ཏུ་ཁ་གཏད་འཇལ་ཐབས་སྤྱད་དེ་དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་བསྟན་པ་རེད།

    ཞིས་ཅིན་ཕིང་གིས་བྱ་བ་འགྲུབ་མིན་མི་ལ་རག་ལས་ཡོད་ཅིང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་སྲིད་འཛིན་གྱི་རྐང་འཛིན་དཔུང་ཁག་གཅིག་འཛུགས་རྒྱུ་ནི་ང་ཚོའི་བྱ་གཞག་ལེགས་གྲུབ་ཡོང་བའི་རྩ་བའི་འགན་ལེན་ཡིན། རྙོག་འཛིང་ཆེ་བའི་སྤྱི་ཚོགས་གནས་ཚུལ་དངོས་ཀྱི་མདུན་དུ་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བསམ་བློ་ཀུན་སྤྱོད་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་མི་ཚེའི་ནང་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ལྟ་བུ་ཞིག་ལ་བརྩིས་ཏེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རང་རྟོགས་ངང་ཉིང་བཅུད་བསྡུ་ལེན་དང་། གཡོ་ཟོལ་མེད་པའི་སྒོ་ནས་མི་དམངས་མང་ཚོགས་ས་ནས་སློབ་སྦྱོང་། དུས་དང་རྣམ་པ་ཀུན་ཏུ་སྤྱོད་ཡོན་གཉིས་ལྡན་ལ་སློབ་སྦྱོང་། རང་གཅུན་ནན་པོ་དང་གཞན་གྱི་གཅུན་སྡོམ་དང་ལེན་བཅས་བྱས་ཏེ་ཀུན་སྤྱོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མི་སེམས་ཐོབ་ཐབས་དང་བྱ་གཞག་ལ་གྲུབ་འབྲས་ཐོབ་རྒྱུའི་འབད་འཐབ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པའི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། མི་འདེམས་སྤྱོད་དང་ཀུན་སྤྱོད་ཚད་འཛིན་གྱི་བཀན་ཤིང་བེད་ཡག་པོ་སྤྱད་ནས་ཏང་ཡོན་ལས་བྱེད་པར་ངོ་གནོང་མི་དགོས་པའི་མི་ཞིག་བྱེད་པ་དང་། གཡོ་ཟོལ་མེད་པའི་སྒོ་ནས་བྱ་བ་སྒྲུབ་པ། དྲི་མས་མ་འགོས་པའི་དཔོན་པོ་ཞིག་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཧུའུ་ཉིང་དང་། ཀྲོའུ་ལེ་ཅི། ལི་ཀྲན་ཧྲུའུ་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།(བསོད་ནོར་དང་བསྟན་བློས་སྒྱུར་ཞུས་བྱས)

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག