ཟླ་ལྔ་བའི་ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ནེ་རོ་པི་ནས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཧྲི་ཐའེ་ན་དང་མི་སྡོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཁི་ལོ་སི་གཉིས་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ནེ་རོ་པི་ནས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཧྲི་ཐའེ་ན་དང་མི་སྡོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཁི་ལོ་སི་གཉིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་དང་མི་སྡོད་ཧྲུའུ་གཉི་ཀས་དུས་ཡུན་རིང་བོར་རྒྱལ་སྤྱིའི་ཁོར་ཡུག་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་བཞག་པར་གདེང་འཇོག་གང་ལེགས་དང་གཟེངས་བསྟོད་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་དང་མི་སྡོད་ཧྲུའུ་གཉིས་ཀྱི་ཁོངས་མི་ཡིན་པའི་ཆ་ནས་དུས་དང་རྣམ་པ་ཀུན་དུ་ཁོར་ཡུག་འཆར་འགོད་ཧྲུའུ་དང་མི་སྡོད་ཧྲུའུ་ཡི་བྱ་བར་རྒྱབ་སྐྱོར་བྱས་པར་མ་ཟད། ཁོར་ཡུག་འཆར་འགོད་ཧྲུའུ་དང་མི་སྡོད་ཧྲུའུ་གཉིས་བར་ཡོངས་ཁྱབ་ཏུ་ཕན་འབྲས་ལྡན་པའི་མཉམ་ལས་སྤེལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་དོ་དམ་ནུས་པ་ཇེ་ཆེར་གཏོང་བ། ཁོར་ཡུག་སྲུང་སྐྱོབ་དང་ནམ་ཟླ་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་འཐབ་ཇུས་གནད་དོན་ལ་དམ་པོར་དམིགས་ཏེ། ཁོར་ཡུག་འཆར་འགོད་ཧྲུའུ་དང་མི་སྡོད་ཧྲུའུ་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།
ཧྲི་ཐའེ་ན་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར།
ཁི་ལོ་སི་ཡིས་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་མི་སྡོད་ཧྲུའུའི་ལག་བསྟར་ལས་འཛིན་ཚོགས་པའི་ཁོངས་མིར་གྱུར་བར་དགའ་བསུ་ཞུས་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་གི་འཕེལ་རྒྱས་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་རེ་བ་བྱེད་བཞིན་ཡོད་པའི་ཚུལ་བསྟན། །