མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:06

ཟླ5བའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཡ་ཏི་སི་ཨ་པེ་པ་ཡི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས5ཉིན་གྱི་སྔ་དྲོར་ཡ་ཏི་སི་ཨ་པེ་པ་ཡི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ནི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མཐུན་སྒྲིལ་དང་ཡར་ཐོན་ཡོང་བར་སྣེ་ཁྲིད་བྱེད་པའི་དར་ཆ་ཞིག་ཡིན་ལ། དེ་ཨ་ཧྥེ་རི་ཁ་གླིང་དང་འཛམ་གླིང་སྟེང་ཡོད་པའི་ཤན་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་དང་ཡུན་རིང་གི་ཕྱོགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཨ་ཧྥེ་རི་ཁ་གླིང་གཞི་གཅིག་ཅན་དུ་བསྒྱུར་བའི་གོ་རིམ་ཁྲོད་བཏོན་པའི་སྣེ་ཁྲིད་ཀྱི་ནུས་པ་དང་། ཨ་ཧྥེ་རི་ཁ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཏོན་པའི་ནུས་པ་གཙོ་བོ། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་བཏོན་པའི་ནུས་པ་གལ་ཆེན་བཅས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཉམ་ལས་གླེང་སྟེགས་སོགས་འཐབ་ཇུས་གྲོས་མོལ་ལམ་ལུགས་བེད་སྤྱད་དེ། བཅོས་སྐྱོང་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་འདོད་ཡོད་ཟེར།

ཙུའུ་མ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་ཀྲུང་གོ་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་འབད་པ་བྱས་ཏེ། མཉམ་དུ་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ལ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་ནུས་པ་བཟང་བོ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

མཇལ་འཕྲད་མཛད་རྗེས། ལིས་ཁི་ཆང་དང་ཙུའུ་མ་གཉིས་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ལག་རྩལ་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག