མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས། གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་ནས་མེས་རྒྱལ་དང་མི་དམངས་དང་མཉམ་དུ་ངོ་མཚར་ལྡན་པའི་མི་ཚེ་གཏོད་དགོས་ཞེས་ནན་བཤད་གནང་བ།

  ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་།  2014-05-06 10:58

    ཞིས་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས།

    གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་ནས་མེས་རྒྱལ་དང་མི་དམངས་དང་མཉམ་དུ་ངོ་མཚར་ལྡན་པའི་མི་ཚེ་གཏོད་དགོས་ཞེས་ནན་བཤད་གནང་བ།

    འདི་ནི་ཞིས་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་དགེ་སློབ་ཚོས་སློབ་གྲྭར་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་95འཁོར་བར་དྲན་གསོ་ཞུ་བའི་ལང་ཚོའི་སྙན་ངག་སྒྲོག་སྦྱངས་ལ་གཟིགས་པའི་གནས་ཚུལ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་པེ་ཅིང་སློབ་ཆེན་དུ་ཕེབས་ནས་རྟོག་ཞིབ་གནང་ཞིང་།ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་མ་ཟད།རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་གཞོན་ནུའི་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།ཁོང་གིས་ལྟེ་བའི་རིན་ཐང་ལྟ་བའི་ནང་མི་རིགས་ཤིག་དང་རྒྱལ་ཁབ་གཅིག་གི་སྙིང་སྟོབས་འདུས་ཡོད་ལ།ཆེས་རྒྱུན་སྲིང་དང་ཆེས་ཟབ་པའི་སྟོབས་ཤུགས་ཤིག་ཀྱང་ཡིན།རྒྱ་ཆེའི་གཞོན་ནུ་ཚོས་ད་ལྟ་ནས་འགོ་རྩོམ་པ་དང་རང་ཉིད་ནས་འགོ་བརྩམས་ཏེ་སློབ་བརྩོན་དང་།ཀུན་སྤྱོད་དར་སྤེལ།ཡིན་མིན་གསལ་འབྱེད།

    ཏན་ཏིག་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རང་ཉིད་ཀྱི་གཞི་རྩའི་བསྟུན་སར་འགྱུར་བ་བྱེད་པ་དང་འབྲེལ་ནུས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་ཧྲིལ་པོར་ཁྱབ་གདལ་བཏང་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་རང་ཉིད་ཀྱི་ངོ་མཚར་ལྡན་པའི་མི་ཚེ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    འདི་ལོ་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་95འཁོར་བའི་ལོ་ཡིན།པེ་ཅིང་སློབ་ཆེན་ནི་རང་རྒྱལ་གྱི་རིག་གནས་གསར་པའི་ལས་འགུལ་གྱི་ལྟེ་གནས་དང་ལྔ་བཞིའི་ལས་འགུལ་གྱི་འབྱུང་གནས་ཡིན།ཞིས་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་པེ་ཅིང་སློབ་ཆེན་གྱི་སྒྱུར་བཅོས་འཕེལ་རྒྱས་དང་དགེ་སློབ་ཚོའི་སློབ་སྦྱོང་དང་།ལས་ཀའཚོ་བ་བཅས་ཀྱི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པ་མ་ཟད།ད་ཕན་ལོ་ཤས་རིང་པེ་ཅིང་སློབ་ཆེན་དུ་རྟོག་ཞིབ་དང་བརྟག་ཞིབ་ཐེངས་མང་གནང་ཡོད།

    དཔྱིད་དཔལ་རབ་ཏུ་བཞད་པའི་པེ་ཅིང་སློབ་ཆེན་དུ་སྔ་དྲོའི་ཆུ་ཚོད་དགུ་པར་པེ་ཅིང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཧྲན་ལུའུ་དང་སློབ་སྤྱི་ཝང་ཨེན་ཀེ་ཡི་ཕེབས་རོགས་འོག་དང་ཐོག་ཞིས་ཅིན་ཕིང་པེ་ཅིང་སློབ་ཆེན་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཤམས་སྟོན་ཁང་དུ་ཕེབས་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་ལ་གཟིགས་གནང་བ་རེད།འགྲེམས་སྟོན་ཐོག་པེ་ཅིང་སློབ་ཆེན་གྱི་རྩོམ་རིག་དང་།ལོ་རྒྱུས།མཚན་ཉིད་རིག་པ།གནའ་རྫས་ཚན་ཁག་བཅས་ལ་ཐོབ་པའི་རིག་གཞུང་གི་གྲུབ་འབྲས་གལ་ཆེན་དང་པེ་ཅིང་སློབ་ཆེན་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི《གུང་ཁྲན་ཏང་གི་བསྒྲགས་གཏམ》ཚུད་པའི་སྒྱུར་དེབ་སྣ་ཚོགས་ཚད་ལྡན་ཡིག་ཆ་གལ་ཆེན་སོགས་འགྲེམས་སྟོན་བྱས་ཡོད།ཞིས་ཅིན་ཕིང་གིས་དགེ་རྒན་ཆེ་མོ་བ་མ་ཁེ་ཡའོ་དང་ཡོན་ཞིང་མུ་སོགས་ཀྱི་ས་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་པེ་ཅིང་སློབ་ཆེན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་རེད།

    འགྲེམས་སྟོན་ཁང་གི་བྱང་ངོས་སུ་ཁ་ཁུ་སིམ་པའི་སྒོ་ར་ཆུང་ཆུང་ཞིག་ཡོད་པ་དང་ལོ་87ལ་སོན་པའི་སྐད་གྲགས་ལྡན་པའི་མཚན་ཉིད་རིག་པ་མཁས་ཅན་དགེ་རྒན་ཆེ་མོ་བ་ཐང་དབྱི་ཅེས་ཞིབ་འཇུག་ཁང་ནས་དོན་ཏེ་སྤྱི་ཁྱབ་ཧྲུའུ་ཅི་བསུས།ཞིས་ཅིན་ཕིང་གིས་མགྱོགས་མྱུར་མདུན་བསུས་ཏེ་ཁོང་དང་མཉམ་དུ་ཞིབ་འཇུག་ཁང་ནང་བསྐྱོད་ནས་བཀའ་མོལ་གནང་།ཐང་དབྱི་ཅེས་རང་རྒྱལ་གྱི་གནའ་བོའི་དཔེ་དེབ་ཆེ་གྲས《རུའུ་ཚང་གི་དཔེ་གཞུང་བསྡུ་སྒྲིག》གི་རྩོམ་སྒྲིག་གནས་ཚུལ་ངོ་སྤྲོད་གནང་བ་དང་།ཞིས་ཅིན་ཕིང་གིས་ཁོང་ལ་དཀའ་ངལ་དང་གང་མཁོ་མིན་བཀའ་འདྲི་གནང་བ་མ་ཟད།ཁོང་གི་བརྩོན་སེམས་སྙིང་སྟོབས་ལ་བསྔགས་བརྗོད་ཀྱང་གནང་བ་རེད།ཞིབ་འཇུག་ཁང་ནས་དོན་རྗེས་ཞིས་ཅིན་ཕིང་གིས་སྒོ་རའི་ནང་དུ་ཡོད་པའི་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད།

    2010ལོར་བཙུགས་པའི་པེ་ཅིང་སློབ་ཆེན་སྐྱེ་དངོས་འགུལ་སྐྱོད་འོད་རིག་གྲུབ་བརྙན་ལྟེ་གནས་སུ་ཆེས་སྔོན་ཐོན་གྱི་སྐྱེ་དངོས་གྲུབ་བརྙན་དང་གཞི་རྐྱེན་ཚད་ལེན་གོ་རིམ་བྱེད་ཐབས་ཐོག་ནས་ཚེ་སྲོག་ཚན་རིག་དང་གསོ་བ་རིག་པའི་རྨང་གཞིའི་ཞིབ་འཇུག་ལས་དོན་སྤེལ་གྱི་ཡོད།ཞིས་ཅིན་ཕིང་དེར་ཕེབས་ནས་བརྒྱུད་ལམ་སྣེ་མང་གི་འགྲེམས་སྟོན་ལ་གཟིགས་གནང་བ་མ་ཟད།མངལ་གནས་ཕྲུ་གུའི་རྒྱུད་འཛིན་ནད་གཞི་འདེམས་བཤེར་དང་སྐྲན་ནད་ཐོག་མའི་ནད་དཔྱད་སོགས་ལག་རྩལ་གྱི་ཞིབ་འཇུག་གསར་པ་སྤྱོད་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཕྲ་མཐོང་ཆེ་ཤེལ་ཐོག་ནས་སྲོག་ཆགས་ཀྱི་ཁམས་དམར་ཕྲ་ཕུང་ལ་ཁམས་དཀར་འཇུག་སྟངས་དང་གཟུགས་གཞིའི་ཕྲ་ཕུང་ལེན་པའི་བརྒྱུད་རིམ་གཟིགས་ཤིང་།ཞིས་ཅིན་ཕིང་གིས་ཚན་ཞིབ་མི་སྣ་ཚོས་སྙིང་རུས་ཆེན་པོས་འགག་སྒྲོལ་དང་བློ་ཁོག་ཆེན་པོས་གསར་གཏོད་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།

    ཚོད་ལྟ་ཁང་ནས་དོན་རྗེས།ཞིས་ཅིན་ཕིང་སློབ་གྲྭའི་ཕྲང་ལམ་བརྒྱུད་སྤང་སྟེང་དུ་ཕེབས་སྐབས།འདི་གར“ལང་ཚོའི་ཀྲུང་གོའི་ཕུགས་འདུན།ལྷག་བསམ་རྣམ་དག་གི་ལྔ་བཞིའི་བརྩེ་སེམས་ཏེ།པེ་ཅིང་སློབ་ཆེན་གྱིས་ལྔ་བཞི་ལས་འགུལ་སྤེལ་ནས་ལོ་95འཁོར་བར་དྲན་གསོ་ཞུ་བའི་ལང་ཚོའི་སྙན་ངག་སྒྲོག་སྦྱངས”བྱེད་བཞིན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་དགེ་སློབ་ཚོས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་དང་ཞིས་ཅིན་ཕིང་དགེ་སློབ་ཚོའི་དཀྱིལ་དུ་ཕེབས།ལྔ་བཞིའི་དུས་ཀྱི་སློབ་མའི་གོས་གྱོན་པའི་དགེ་སློབ་ཚོའི་སྙན་འཇེབས་ལྡན་པའི་ཨོག་ལེན་རོལ་དབྱངས་ཁྲོད་དགེ་སློབ་ཚོས་རང་ཉིད་ཀྱིས་བརྩམས་པའི་སྙན་ངག《ལང་ཚོའི་སྙན་འཇེབས་གླུ་དབྱངས》དང་བློ་མཐུན་མའོ་ཙེ་ཏུང་གི་སྙན་ཚིག《ཤིན་ཡོན་ཁྲུན·ཁྲང་ཧྲ》ཞེས་པ་སྒྲོག་སྦྱངས་བྱས་ཤིང་།ཞིས་ཅིན་ཕིང་གིས་ཚང་མ་དང་མཉམ་དུ་དགེ་སློབ་ཚོའི་སྙན་ངག་སྒྲོག་སྦྱངས་གསན་པ་རེད།

    ཆུ་ཚོད་10དང་སྐར་མ་བཞི་བཅུར་ཞིས་ཅིན་ཕིང་པེ་ཅིང་སློབ་ཆེན་མཁས་དབང་སྤེལ་རེས་ལྟེ་གནས་སུ་དགེ་སློབ་ཚོ་དང་བཞུགས་མོལ་གནང་ཞིང་།སློབ་གྲྭའི་འགོ་ཁྲིད་དང་དགེ་སློབ་ཀྱི་འཐུས་མིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་།ཞིས་ཅིན་ཕིང་གིས་གསན་གྱིན་དུ་ཟིན་ཐོ་བཀོད་གནང་བ་མ་ཟད།སྐབས་འགར་འབྲེལ་ཡོད་གནད་དོན་བཀའ་འདྲི་གནང་སྟེ་དགེ་སློབ་ཚོ་དང་མཉམ་དུ་གྲོས་བསྡུར་ཡང་གནང་བ་རེད།

    ཞིས་ཅིན་ཕིང་གིས་དུས་རབས་སོ་སོར་དུས་རབས་སོ་སོའི་སྙིང་སྟོབས་ཡོད་ལ།དུས་རབས་སོ་སོར་དུས་རབས་སོ་སོའི་རིན་ཐང་ལྟ་བ་ཡོད།མི་རིགས་ཤིག་དང་རྒྱལ་ཁབ་གཅིག་གི་ལྟེ་བའི་རིན་ཐང་དེ་ངེས་པར་དུ་མི་རིགས་དེ་དང་རྒྱལ་ཁབ་དེའི་ལོ་རྒྱུས་རིག་གནས་དང་མཐུན་དགོས་པ་མ་ཟད།མི་རིགས་དེ་དང་རྒྱལ་ཁབ་དེའི་མི་དམངས་ཀྱིས་སྤེལ་བཞིན་པའི་འབད་འཐབ་དང་ཕན་ཚུལ་ཟུང་འབྲེལ་བྱེད་དགོས་ལ།མི་རིགས་དེ་དང་རྒྱལ་ཁབ་དེས་ཐག་གཅོད་བྱེད་དགོས་པའི་དུས་རབས་ཀྱི་གནད་དོན་དང་འཚམ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ངོས་འཛིན་མཚོན་པའི་རིན་ཐང་ལྟ་བ་འཛུགས་རྒྱུ་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་དེ་བཞིན་མི་དམངས་ཀྱི་བདེ་སྐྱིད་བཅས་དང་འབྲེལ་བ་ཡོད།ང་ཚོས་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན་བཅས་དར་སྤེལ་དང་།རང་དབང་དང་།འདྲ་མཉམ།དྲང་གཞགཁྲིམས་སྐྱོང་བཅས་དར་སྤེལ།རྒྱལ་གཅེས་དང་།ལས་བརྩོན།ཡིད་རྟོན།མཛའ་མཐུན་བཅས་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བྱེད་དགོས།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རྒྱལ་ཁབ་དང་།སྤྱི་ཚོགས།སྤྱི་དམངས་བཅས་དང་འབྲེལ་བའི་རིན་ཐང་བླང་བྱ་གཞི་གཅིག་ཏུ་བསྡུས་པས་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་མཚོན་པ་མ་ཟད།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཡོད་ལ་འཛམ་གླིང་ཤེས་དཔལ་གྱི་ཕན་ཡོད་གྲུབ་འབྲས་བསྡུ་ལེན་བྱས་པས་དུས་རབས་ཀྱི་སྙིང་སྟོབས་མཚོན་ཡོད།ཀྲུང་ཧྭའི་ཤེས་དཔལ་རིག་གནས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་དེར་ཐུན་མོང་མ་ཡིན་པའི་རིན་ཐང་མ་ལག་ལྡན་པས་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་ངེས་པར་དུ་དེའི་ཁྲོད་ནས་འཚོ་བཅུད་བསྡུ་ལེན་བྱེད་དགོས།དེ་འདྲ་མ་བྱས་ཚེ་གསོན་ཤུགས་དང་ཤུགས་རྐྱེན་ནུས་པ་ཡོང་མི་སྲིད།

    སྤྱི་ཚོགས་ཧྲིལ་པོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོ་འཛུགས་ནས་མི་དམངས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་འཐབ་བྱས་པར་བརྟེན་ནས་ང་ཚོའི་རྒྱལ་ཁབ་དེ་བས་འབྱོར་ཕྱུག་དང་།དམངས་གཙོ།ཤེས་དཔལ།ཞི་མཐུན།མཛེས་སྡུག་བཅས་ལྡན་པ་ཞིག་བསྐྲུན་ཏེ་ཀྲུང་ཧྭ་མི་རིགས་འདི་ཉིད་དེ་བས་ཡིད་ཆེས་ལྡན་པ་དང་དེ་བས་རང་སྟོབས་ལྡན་པའི་ཐོག་ནས་འཛམ་གླིང་གི་མི་རིགས་ཁྲོད་ལངས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་གཞོན་ནུའི་རིན་ཐང་ལྟ་བས་འབྱུང་འགྱུར་གྱི་སྤྱི་ཚོགས་ཧྲིལ་པོའི་རིན་ཐང་གི་ལྟ་བ་གཏན་འཁེལ་བྱེད་པ་དང་གཞོན་ནུ་རྣམས་རིན་ཐང་ལྟ་བ་ཆགས་པ་དང་གཏན་འཁེལ་བྱེད་པའི་དུས་སྐབས་སུ་གནས་ཡོད་པས་དུས་སྐབས་འདིའི་རིན་ཐང་ལྟ་བ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན།དེ་ནི་གོས་གྱོན་སྐབས་ཐེབས་ཆི་རྒྱག་པ་དང་གཅིག་པ་ཡིན།གལ་སྲིད་དང་པོ་ནས་ཐེབས་ཆི་རྒྱག་སྟངས་ནོར་ཚེ་ཐེབས་ཆི་གཞན་དག་ཚང་མ་རྒྱག་སྟངས་ནོར་རྒྱུ་རེད།མི་ཚེའི་ཐེབས་ཆི་དེ་དང་པོ་ནས་ཡག་པོ་རྒྱག་དགོས།ལྟེ་བའི་རིན་ཐང་ལྟ་བ་དེ་ཉིན་གཅིག་ནང་ཆགས་མི་ཐུས་པས་སླ་བ་ནས་དཀའ་བ་དང་ཉེ་བ་ནས་རིང་བའི་བར་མཐའ་འཁྱོངས་ཀྱིས་ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་དེ་རྒྱུན་གཏན་གྱི་བྱ་སྤྱོད་ཀྱི་ཚད་གཞིར་ཧུར་ཐག་འགྱུར་བ་བྱས་ཏེ་རང་རྟོགས་ངང་ལག་བསྟར་བྱེད་པའི་དད་སེམས་དང་འདུ་ཤེས་སུ་འགྱུར་བ་བྱེད་དགོས།རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་འཛུགས་པ་དང་སྐྱེད་སྲིང་བྱེད་པའི་ཐད་སློབ་བརྩོན་དང་།བློ་སྦྱོང་དང་ཀུན་སྤྱོད་དར་སྤེལ།ཡིན་མིན་གསལ་འབྱེད།ཏན་ཏིག་བཅས་ཀྱི་ཐོག་གཞོལ་བ་དང་།དཀའ་སྡུག་མྱོང་ཐུབ་པ་དང་ཡོན་ཏན་དངོས་འབྲེལ་སྦྱོང་ཐུབ་པ།ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་དང་ཀུན་སྤྱོད་ལག་ལེན་ལ་གཙིགས་ཆེན།ཡིན་མིན་དབྱེ་འབྱེད་དང་བློ་ཐག་ཆོད་པོས་གདམ་ག་བྱེད་མཁས་པ།ཏན་ཏན་ཏིག་ཏིག་ངང་ལས་དོན་སྒྲུབ་པ་དང་བདེན་པ་བདེན་ཐུབ་ཀྱི་མི་ཞིག་བྱེད་པ།མེས་རྒྱལ་གྱི་དྲིན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ།བྱ་བ་དངོས་བསྒྲུབ་རྒྱུར་ཤུགས་རྒྱག་པ་དང་ཤེས་བྱ་དང་བྱ་སྤྱོད་ཟུང་འབྲེལ་བྱ་རྒྱུར་གཞོལ་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེས་དགེ་སློབ་ཚོར་སེམས་འགུལ་ཚད་མེད་ཐེབས་ཏེ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་རྒྱུ་མིན་ཞེས་བཤད་པ་རེད།

    ཝང་ཧུའུ་ཉིང་དང་།ལིའུ་ཡུན་ཏུང་།ལི་ཡོན་ཁྲའོ།ལི་ཀྲན་ཧྲུའུ།ཀུའོ་ཅིན་ལུང་བཅས་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཡང་གོང་གསལ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག