མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧི་པེ་པའོ་ཏེན་སློབ་གླིང་གི་ནུབ་རྒྱུད་སློབ་གསོའི་རོགས་སྐྱོར་མཐར་ཕྱིན་སློབ་མའི་འཐུས་མི་ལ་འཕྲིན་ལན་བསྐུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་བཞིའི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧི་པེ་པའོ་ཏེན་སློབ་གླིང་གི་ནུབ་རྒྱུད་སློབ་གསོའི་རོགས་སྐྱོར་མཐར་ཕྱིན་སློབ་མའི་འཐུས་མི་ལ་འཕྲིན་ལན་བསྐུར་ཏེ། ན་གཞོན་གྲོགས་པོ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པར་མ་ཟད། ན་གཞོན་རྣམས་གཞི་རིམ་དང་མི་དམངས་ཀྱི་ཁྲོད་དུ་སོང་སྟེ་བྱས་རྗེས་འཇོག་པ་དང་ལས་སྤེལ་བྱས་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་འོད་སྟོང་འབར་བའི་མི་ཚེ་བགྲོད་ལམ་བསྐྲུན་དགོས་པའི་སྐུལ་མ་བཏང་།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་ནང་དུ་ཁྱོད་ཚོས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ཤིང་ཕུགས་འདུན་བཟང་བོ་བཅངས་ཏེ་ཆ་རྐྱེན་ཧ་ཅང་ཞན་པའི་ནུབ་རྒྱུད་དང་མཐའ་མཚམས་ས་ཁུལ་དུ་སོང་ནས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་པ་དང་། ལོ་བཅུ་ལྷག་ཉིན་གཅིག་ལྟར་བྱས་ནས་སྤྲོ་སེམས་ཆེ་ཞིང་འབད་འཐབ་བརྩོན་ལེན་གྱི་མི་ཚེའི་ལོ་རྒྱུས་བརྒྱུད་རིམ་བསྐྲུན། ཁྱོད་ཚོས་ལས་གནས་བརྟན་སྲུང་བྱས་ཏེ་བྱས་རྗེས་བཞག་པ་དེ་ནི་མི་སེམས་འགུལ་བ་ཞིག་རེད་ཅེས་གསུངས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མི་དམངས་དང་མཉམ་དུ་བརྩོན་ལེན་བྱེད་པ་དང་མེས་རྒྱལ་དང་མཉམ་དུ་མདུན་སྐྱོད་བྱས་ནས་མི་དམངས་ལ་ཞབས་ཕྱི་སྒྲུབ་པ་དང་མེས་རྒྱལ་ལ་བྱས་རྗེས་འཇོག་རྒྱུ་ནི་དེང་རབས་ཀྲུང་གོའི་ན་གཞོན་གྱི་ཡང་དག་པའི་ཁ་ཕྱོགས་ཡིན། སྔར་ལས་མང་པོའི་ན་གཞོན་རྣམས་ཀྱིས་ཁྱོད་ཚོ་མིག་དཔེ་བྱས་ཏེ་གཞི་རིམ་དང་མི་དམངས་ཀྱི་ཁྲོད་དུ་སོང་ནས་བྱས་རྗེས་འཇོག་པ་དང་ལས་སྤེལ་བྱས་ནས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་དུ་འོད་སྟོང་འབར་བའི་མི་ཚེའི་བགྲོད་ལམ་བསྐྲུན་དགོས་ཟེར།

ཉིས་སྟོང་ལོར་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འབོད་སྐུལ་ལྟར། ཧི་པེ་པའོ་ཏེན་སློབ་གླིང་གི་མཐར་ཕྱིན་སློབ་མ་བཅོ་ལྔས་ལས་ཁུངས་གང་མང་གིས་བསྡུ་ལེན་བྱེད་པའི་གོ་སྐབས་བཟང་བོ་བསྐྱུར་ཏེ་ས་ཐག་རིང་བོའི་ཞིན་ཅང་ཆེ་མོ་རྫོང་སློབ་འབྲིང་དུ་སོང་ནས་དགེ་རྒན་གྱི་བྱ་བ་གཉེར། ཉིས་སྟོང་བཅུ་གསུམ་ལོའི་བར་དུ་སློབ་གླིང་དེ་རུ་བསྡོམས་པས་མཐར་ཕྱིན་སློབ་མ་གོ་བདུན་ཞིན་ཅང་དང་བོད་ལྗོངས། ཀོས་ཀྲིག ཁྲུང་ཆིན། སི་ཁྲོན་སོགས་ས་ཁུལ་གྱི་གཞི་རིམ་དུ་སོང་ནས་བྱ་བ་བསྒྲུབས། ཉེ་ལམ་ནུབ་རྒྱུད་སློབ་གསོའི་རོགས་སྐྱོར་སློབ་མ་སྐོར་དེའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཡི་གེ་བསྐུར་ནས་ཁོ་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ཡར་ཞུ་བྱས། ཁོ་ཚོས་བཤད་རྒྱུར། མི་གཅིག་གི་གདམ་གསེས་དེ་དུས་རབས་ཀྱི་རེ་བ་དང་མི་དམངས་ཀྱི་དགོས་མཁོ་དང་མཐུན་ན་ད་གཟོད་དོན་སྙིང་ལྡན་ལ་རིན་ཐང་ཡང་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག