མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡིས་མཱ་ལེ་ཞི་ཡས་གར་སོང་མི་ཤེས་པའི་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་ཐད་ནས་སྤེལ་བའི་གསལ་བསྒྲགས་གསར་བར་ལན་བཏབ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཚེས་གཅིག་ཉིན་བཤད་རྒྱུར། ཀྲུང་གོས་མཱ་ལེ་ཞི་ཡས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་གདན་དྲངས་ཏེ་སྒེར་ཚུགས་རྟོག་ཞིབ་ཚོགས་པ་བཙུགས་ནས་མཱ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའིMH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་ལ་རྟོག་ཞིབ་ཟབ་མོ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོ་མུ་མཐུད་དུ་རྗེས་ཕྱོགས་ཀྱི་འཚོལ་ཞིབ་ཁྲོད་ཞུགས་པ་དང་། དྲང་བདེན་སྒོས་རྟོག་ཞིབ་བྱེད་རྒྱུ་ཡིན་པར་མ་ཟད། མཱ་ལེ་ཞི་ཡ་ཕྱོགས་དང་མཐུན་སྦྱོར་དམ་པོ་བྱས་ཏེ། གནམ་གྲུ་དེའི་སྟེང་དུ་ཡོད་པའི་ཀྲུང་གོའི་འགྲུལ་བའི་ཁྱིམ་མིའི་སེམས་གསོ་ཞུབས་ཞུ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་རྒྱུ་ཡིན་ཟེར།

གསར་འགོད་པས་ཟླ་ལྔ་བའི་ཚེས་གཅིག་ཉིན་མཱ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟི་དང་མཱ་ལེ་ཞི་ཡའི་ཕྱི་འབྲེལ་པུའུ་ཡིས་སྔ་གཞུག་ཏུ་གསལ་བསྒྲགས་སྤེལ་ནས། གཞི་ཁྱོན་ཆེན་པོའི་འཚོལ་ཞིབ་བྱས་རྗེས། MH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ད་དུང་རྙེད་མེད་པ་དང་། གནམ་གྲུའི་སྟེང་གི་མི་སྣའི་ལས་དབང་ད་དུང་གསལ་བོར་མི་ཤེས་པས། མུ་མཐུད་དུ་འཚོལ་ཞིབ་དང་རྟོག་ཞིབ་བྱེད་རྒྱུ་ཡིན་པར་མ་ཟད། གནམ་གྲུའི་སྟེང་གི་མགྲོན་པོའི་ཁྱིམ་མིར་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན་ཞེས་བསྒྲགས། ཀྲུང་གོར་དེར་ལྟ་ཚུལ་ཅི་འདྲ་བཟུང་ཡོད། རྗེས་ཕྱོགས་བྱེད་ཐབས་ཅི་ཞིག་སྤྱོད་རྩིས་ཡོད་ཅེས་དྲིས་པ་ན། ཆིན་ཀང་གིས་བཤད་རྒྱུར། མཱ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའིMH370རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་བྱུང་རྗེས། གནམ་གྲུའི་སྟེང་གི་ཀྲུང་གོ་བ་བརྒྱ་དང་ང་བཞི་དང་བཅས་པའི་མི་ཚང་མའི་ཁྱིམ་མིས་སེམས་སྡུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ང་ཚོ་ཡང་དེ་དང་འདྲ་འདྲ་ཡིན། ང་ཚོས་ཁོ་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར།

ཁོས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཱ་ལེ་ཞི་ཡའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་ལ་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་ནས། འགྲུལ་སྐྱེལ་གནམ་གྲུ་འཚོལ་ཞིབ་དང་དོན་རྐྱེན་རྟོག་ཞིབ། ཁྱིམ་མིའི་སེམས་གསོ་སོགས་ཀྱི་ཐད་ལ་བཀོད་སྒྲིག་ཆ་ཚང་གནང་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱུན་དུ་མཱ་ལེ་ཞི་ཡ་དང་ཨོ་སི་ཁྲི་ལི་ཡ་སོགས་འབྲེལ་ཡོད་ཕྱོགས་སོ་སོར་མཐུན་སྦྱོར་དང་མཉམ་ལས་དམ་པོ་བྱས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གྲུ་གཟིངས་བཅོ་བརྒྱད་དང་གནམ་གྲུ་བཅུ་གསུམ། འཁོར་སྐར་ཉེར་གཅིག་བཅས་བཀོལ་ནས་ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་འཚོལ་ཞིབ་འགུལ་སྐྱོད་སྤེལ། དེ་དང་མཉམ་དུ་ཆེད་ལས་རྟོག་ཞིབ་མི་སན་མངགས་ཏེ་དོན་རྐྱེན་རྟོག་ཞིབ་བྱ་བར་ཟབ་ཞུགས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་ད་དུང་སྟོབས་ཤུགས་ཡོད་རྒུས་གནམ་གྲུའི་སྟེང་གི་ཀྲུང་གོ་བའི་ཁྱིམ་མི་ལ་སྨན་བཅོས་དང་སེམས་གསོ། བཅའ་ཁྲིམས་བློ་འདོན་སོགས་ཐད་ནས་གཟིགས་སྐྱོང་དང་ཞབས་ཕྱི་བྱས། ཉིན་ལྔ་བཅུ་ལྷག་གི་རིང་ལ་མཱ་ལེ་ཞི་ཡ་དང་ཨོ་སི་ཁྲི་ལི་ཡ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་གྲུ་འཚོལ་ཞིབ་དང་དོན་རྐྱེན་རྟོག་ཞིབ་ཐད་འབད་བརྩོན་ཆེན་པོ་བྱས་པ་དང་། རྒྱལ་ཁབ་མང་བོའི་སྲིད་གཞུང་དང་མགོ་ཁྲིད་པས་ཀྲུང་གོ་དང་ཀྲུང་གོའི་ཁྱིམ་མི་ལ་འཚམས་འདྲི་བྱས་པ་དེར་ཀྲུང་གོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

ཆིན་ཀང་གིས་བཤད་རྒྱུར། མཱ་ལེ་ཞི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་འཚོལ་ཞིབ་འགུལ་སྐྱོད་སྤེལ་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་གདན་དྲངས་ཏེ་རང་བཙུགས་རྟོག་ཞིབ་ཚན་ཁག་བཙུགས་ཏེ་དོན་རྐྱེན་དེར་རྟོག་ཞིབ་མོ་བྱེད་རྒྱུའི་དམ་བཅས་པ་མཐོང་སོང་ལ། ཀྲུང་གོས་མཱ་ལེ་ཞི་ཡ་ཕྱོགས་ལ་མཐུན་སྦྱོར་དམ་པོ་བྱེད་འདོད་ཡོད་པ་དང་། ཀྲུང་གོའི་ཁྱིམ་མིའི་སེམས་གསོ་དང་ཞབས་ཞུ་བཡ་བ་བཟང་བོར་བསྒྲུབ་སྟེ། ཁོ་ཚོའི་ལུགས་མཐུན་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག