མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ལྔ་གཅིག་ངལ་གསོའི་རིང་རྒྱལ་ནང་ཡུལ་སྐོར་དང་མཐའ་འཁོར་རྒྱལ་ཁབ་ལ་ཡུལ་སྐོར་དུ་བསྐྱོད་མཁན་མང་དུ་ཕྱིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-02 13:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2014ལོའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་ངལ་གསོ་དང་བསྟུན་ཏེ། རང་རྒྱལ་དུ་སྒེར་གྱི་རླངས་འཁོར་བསྐོར་ནས་ཡུལ་སྐོར་ལ་འགྲོ་བ་དང་། ས་ཁོངས་བརྒལ་ཏེ་མཐའ་འཁོར་རྒྱལ་ཁབ་ལ་ཡུལ་སྐོར་དུ་འགྲོ་བ་སོགས་རྒྱལ་ནང་ཡུལ་སྐོར་དང་། དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་དུ་ཕྱིན་ཡོད།

གསར་འགོད་པས་སྤྱི་ཚེས་༡ཉིན་ཀྲུང་གོའི་ཡུལ་སྐོར་ཞིབ་འཇུག་ཁང་དང་། ཞི་ཁྲང་ཡུལ་སྐོར་སོགས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདས་མ་ཐག་པའི་དུར་ཕྱག་དུས་ཆེན་དང་བསྡུར་ཚེ། ད་ལོའི་ལྔ་གཅིག་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་གྲོང་མིས་ཡུལ་སྐོར་ལ་འགྲོ་འདོད་བྱེད་ཤུགས་སྔར་བས་ཆེ་བ་ཡོད་པ་དང་། སྒེར་གྱིས་རླངས་འཁོར་བསྐོར་ནས་དཔྱིད་དཔལ་རོལ་བར་འགྲོ་མཁན་གྱིས་གཙོ་བོ་བྱས་པའི་གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་སྐོར་དང་། ཞིང་ཆེན་དང་ཞིང་ཆེན་བར་གྱི་མཐའ་འཁོར་ས་ཁུལ་ལ་ཡུལ་སྐོར་ལ་འགྲོ་མཁན་མང་དུ་ཕྱིན་ཡོད་པ་རེད། ཀྲུང་གོའི་ཡུལ་སྐོར་ཞིབ་འཇུག་ཁང་གི་རྒྱལ་ཡོངས་ཀྱི་གཙོ་གནད་ཡུལ་སྐོར་གྲོང་ཁྱེར་དྲུག་ཅུར་བརྟག་དཔྱད་བྱས་པ་ལས་གསལ་བར། ཡུལ་སྐོར་ལམ་ཐིག་ཅུང་ཐུང་བའི་ཉིན་གཅིག་གི་ཡུལ་སྐོར་དང་། ཉིན་གཉིས་ཀྱི་ཡུལ་སྐོར་ལ་འགྲོ་འདོད་བྱེད་མཁན་ཅུང་མང་པོ་ཡོད་པ་དང་། བྱང་ཕྱོགས་ཀྱི་ཧོ་པེ་དང་། ཧོ་ནན། ཧྲན་ཏུང་། ཧྲན་ཤིའི། པེ་ཅིང་བཅས་དང་། ལྷོ་ཕྱོགས་ཀྱི་ཤ་མོན་དང་། འུ་ཧན། སན་ཡ། ཧང་ཀྲོའུ། ཧྲང་ཧའེ་སོགས་ནི་ཡུལ་སྐོར་བས་བདམས་ག་བྱེད་མང་བའི་ས་ཆ་ཡིན་པ་རེད། རྒྱལ་ཁོངས་ལས་བརྒལ་བའི་ཡུལ་སྐོར་ཐད། ལྷོ་ཁོ་རེ་ཡ་དང་། ཝེ་ཐེ་ནམ། ཁམ་བུ་ཀྲ་སོགས་རྒྱལ་ཁབ་དང་། དེ་བཞིན་ཐེ་ཝན་ས་ཁུལ་ལ་ཡུལ་སྐོར་ལ་འགྲོ་མཁན་མང་དུ་ཕྱིན་ཡོད་ཅིང་། ཝེ་ཐེ་ནམ་དང་ཁམ་བུ་ཀྲར་ཡུལ་སྐོར་ལ་འགྲོ་མཁན་དེ་བས་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

ངལ་གསོའི་རིང་གི་ཡུལ་སྐོར་གྱི་བདེ་འཇགས་འགན་སྲུང་བྱ་ཆེད། རྒྱལ་ཁབ་ཡུལ་སྐོར་ཅུད་ཀྱིས་བརྡ་ཐོ་བཏང་སྟེ། ཡུལ་སྐོར་ལ་འགྲོ་མཁན་མང་དུ་ཕྱིན་པ་དང་བསྟུན་ནས། ཉེ་དུས་འགྲིམ་འགྲུལ་དོན་རྐྱེན་དང་། ཆུ་ནང་ནུབ་པ། ཟས་དུག་ཕོག་པ་སོགས་ཀྱི་ཡུལ་སྐོར་གྱི་གློ་བུར་དོན་རྐྱེན་ཡང་ཡང་ཐོན་གྱི་ཡོད་པས། ལྔ་གཅིག་ངལ་གསོའི་རིང་ཡུལ་སྐོར་གྱི་བདེ་འཇགས་འགན་སྲུང་གི་གནོན་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་ཡིན་པས། ས་གནས་ཁག་གིས་རང་ས་ཁོངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ས་གནས་སྲིད་གཞུང་འགོ་འཁྲིད་ཀྱི་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་གཙོ་གཟུགས་འགན་འཁྲི་བཅས་དོན་འཁྱོལ་བྱས་ཏེ། ཡུལ་སྐོར་བདེ་འཇགས་ཀྱི་ཚབས་ཆེའི་དོན་རྐྱེན་མི་ཐོན་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག