མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-02 13:12

1.jpg

   ཟླ༤བའི་ཚེས༢༧ཉིན་ནས་ཚེས༣༠ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད། འདི་ནི་ཟླ༤བའི་ཚེས༢༨ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཧྲུའུ་ཧྥུའུ་རྫོང་ཐོ་ཁི་ཀྲ་ཁི་གྲོང་རྡལ་ཨ་ཡ་ཀི་མན་ཀན་སྡེ་བ་རུ་སྡེ་དམངས་ལ་གསུང་གླེང་མཛད་པའི་ཚུལ་རེད།

999.jpg

  འདི་ནི་ཟླ༤བའི་ཚེས༢༨ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཁ་ཧྲི་གྲོང་ཁྱེར་སྤྱི་བདེ་ཅུའུ་ནའེ་ཙེར་པ་ཀི་མངག་གཏོང་ཁང་དུ་སྦྱོང་བརྡར་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པར་གསུང་གླེང་མཛད་པའི་ཚུལ་རེད།

2.jpg

འདི་ནི་ཟླ༤བའི་ཚེས༢༨ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱི་ཧྲུའུ་ཧྥུའུ་རྫོང་ཐོ་ཁི་ཀྲ་ཁི་གྲོང་རྡལ་ཨ་ཡ་ཀི་མན་ཀན་སྡེ་བ་རུ་སྡེ་དམངས་དང་མཉམ་དུ་བླངས་པའི་པར་རེད།

3.jpg

འདི་ནི་ཟླ༤བའི་ཚེས༢༨ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་ཧྲུའུ་ཧྥུའུ་རྫོང་ཐོ་ཁི་ཀྲ་ཁི་གྲོང་རྡལ་ལྟེ་གནས་སློབ་ཆུང་དུ་སློབ་མ་རྣམས་དང་མཉམ་དུ་བླངས་པའི་པར་རེད།

4.jpg

  འདི་ནི་ཟླ༤བའི་ཚེས༢༨ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཧྲུའུ་ཧྥུའུ་རྫོང་ཐོ་ཁི་ཀྲ་ཁི་གྲོང་རྡལ་ཨ་ཡ་ཀི་མན་ཀན་སྡེ་བའི་སྡེ་མི་ཨ་པུའུ་ཏུའུ་ཁི་ཡུག་མུའུ་རེ་ཙི་ཚང་ནས་ཡུལ་མི་ཚོ་དང་མཉམ་དུ་གསུང་གླེང་མཛད་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་སྔོན་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད་སྐབས། ཏང་ཀྲུང་དབྱང་གིས་ནམ་ཡིན་ཡང་ཞིན་ཅང་གི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ནམ་ཡིན་ཡང་ཞིན་ཅང་གི་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་ཟིན་པའི་དམིགས་བསལ་ཡིན་ཞིང་གལ་ཆེ་བའི་འཐབ་ཇུས་ཀྱི་གོ་གནས་ནན་གྱིས་སྟོན་བཞིན་ཡོད་པས། ཞིན་ཅང་གི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་གི་གནས་བབ་གསར་བའི་འོག་ཞིན་ཅང་གི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཚོགས་ཀྱི་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་དེ་བྱ་བའི་རྐང་འཛུགས་ས་དང་ཤུགས་འདོན་སར་བརྩི་བ། ཕྱོགས་སོ་སོའི་བྱ་བ་གཅིག་གྱུར་གྱིས་སྤེལ་བ། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བཀོལ་སྤྱོད་བཟང་བོ་བྱེད་པ་དང་ཞིན་ཅང་གི་མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཐུན་རྐྱེན་བསྐྲུན་པ། རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་དམ་དུ་བརྟེན་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་བཅས་བྱས་ཏེ། མཐུན་སྒྲིལ་འཆམ་མཐུན་དང་། འབྱོར་ཕྱུག་དར་རྒྱས། དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིན་ཅང་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཟླ་བཞི་བའི་ཚེས་ཉེར་བདུན་ནས་ཚེས་སུམ་ཅུ་ཉིན་བར། ཞི་ཅིན་ཕེན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཀྲང་ཁྲུན་ཞན། ཞིན་ཅང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ནུའུ་ཨར་པད་ཁི་ལེ་སོགས་དང་མཉམ་དུ། ཁ་ཧྲི་དང་ཝུའུ་ལུའུ་མུའུ་ཆི་སོགས་ས་ཆའི་ཞང་སྡེ་དང་ཁེ་ལས། དམག་དཔུང་། སློབ་གྲྭ། གཞི་རིམ་མངག་གཏོང་ཁང་། མུའུ་སི་ལིན་ཆོས་ཁང་། ཞིན་ཅང་འཛུགས་སྐྲུན་དམག་དཔུང་བཅས་སུ་ཕེབས་ཏེ། ཡུལ་དངོས་ནས་ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། རིགས་སོ་སོའི་ལས་བྱེད་མང་ཚོགས་དང་ཡུན་རིང་བོར་ཞིན་ཅང་ནས་བྱ་བ་བསྒྲུབས་པའི་བློ་མཐུན་རྒན་པར་འཚམས་འདྲི་མཛད་ལ། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་དང་མཆོང་སྐྱོད་འཕེལ་རྒྱས་སྐུལ་སྤེལ། དམངས་འཚོ་འགན་སྲུང་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་སྐུལ། ཏང་གི་འཛུགས་སྐྲུན་དམ་འཛིན་སོགས་ཀྱི་བྱ་བར་མཛུབ་སྟོན་གནང་།

  ཚེས་ཉེར་བརྒྱད་ཉིན་གྱི་སྔ་མོར། ཞི་ཅིན་ཕེན་ཁ་ཧྲི་གྲོང་ཁྱེར་སྤྱི་བདེ་ཅུའུ་ནའེ་ཙེར་པ་ཀི་མངག་གཏོང་ཁང་དུ་སོང་ནས། སྒྲིག་ཆས་དང་སྦྱོང་བརྡར་ལ་གཟིགས་ཏེ། གཞི་རིམ་སྤྱི་བདེ་ཉེན་རྟོག་པའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་སྦྱོང་བརྡར་བྱེད་བཞིན་པའི་ཉེན་རྟོག་པ་རྣམས་ལ་ཕྱག་འཇུ་གནང་ནས་ཁོ་ཚོར་འཚམས་འདྲི་མཛད་པ་མ་ཟད། ཁོ་ཚོས་གནས་བབ་གསར་བ་དང་བསྟུན་ནས་ཀུན་སྤྱོད་ལེགས་སྒྱུར་དང་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། ཕྱོགས་གཅིག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་ཕྱོགས་གཅིག་ནས་ཁྲིམས་འགལ་ནག་ཉེས་སྣ་ཚོགས་ལ་སྔོན་འགོག་དང་ཆམ་ཕབ་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐུགས་རེ་བཏོན།

  དེའི་རྗེས་སུ་ཞི་ཅིན་ཕེན་ཧྲུའུ་ཧྥུའུ་རྫོང་ཐོ་ཁི་ཀྲ་ཁི་གྲོང་རྡལ་ཨ་ཡ་ཀི་མན་ཀན་སྡེ་བར་ཕེབས་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་གཟིགས་ཞིབ་མཛད་པ་དང་། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འཁོར་སྐྱོད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད། སྡེ་བའི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ལ་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་དང་སྡེ་དམངས་ཀྱི་ཡོང་སྒོ་འཕར་སྣོན་སོགས་བྱ་བ་སྣ་ཚོགས་བསྒྲུབས་པ་ཧ་ཅང་བཟང་བ་དང་། སྡེ་མི་རྣམས་འཆམ་མཐུན་མཉམ་གནས་བྱས་ཏེ་བདེ་འཇགས་ཀྱི་གནས་ཚུལ་ཡང་ཧ་ཅང་བཟང་བའི་སྐོར་མཚམས་སྦྱོར་བྱས། ཞི་ཅིན་ཕེན་གྱིས་དགའ་སྤྲོའི་ངང་ཁྱེད་ཚོའི་ལག་ལེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་ཧ་ཅང་ཡངས་པ་དང་། མེས་རྒྱལ་མཐའ་མཚམས་ཀྱི་འཕེལ་རྒྱས་མདུན་ལྗོངས་མཛེས་ཤིང་སྡུག་པ་ར་སྤྲོད་བྱས་ཡོད་ཅེས་གསུངས།

  ཞིན་ཅང་རང་སྐྱོང་ལྗོངས་ཏང་ཨུས་ལས་ཁུངས་ཀྱི་ལས་བྱེད་པ་མང་བོ་བསྐོང་འཐེན་བྱས་ཏེ་སྡེ་བ་དང་ཁྱིམ་ཚང་དུ་མངགས་ཡོད་པའི་གནས་ཚུལ་ཤེས་རྗེས། ཞི་ཅིན་ཕེན་གྱིས་ཐུགས་ཁུར་ཆེན་པོས་སྡེ་བར་སྡོད་པའི་བྱ་བའི་ཚན་ཁག་གི་བློ་མཐུན་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་མཛད། ཁོང་ཉིད་དངོས་སུ་ལས་བྱེད་པས་སྡེ་མིའི་བསམ་འཆར་བསྡུ་ལེན་བྱེད་སར་སོང་ནས། ཁོ་ཚོར་བརྩེ་བའི་གསུང་གླེང་མཛད་ལ། བསྡུ་ལེན་བྱས་པའི་བསམ་འཆར་ལ་གང་དག་ཡོད་པ་དང་། མང་ཚོགས་ཀྱིས་བཤད་པའི་གནད་དོན་སྡེ་བའི་ནང་ནས་ཐག་གཅོད་ཐུབ་མིན་གྱི་གནས་ཚུལ་དྲིས། ཞི་ཅིན་ཕེན་གྱིས་སྡེ་བའི་ལས་བྱེད་པས་བྱ་བའི་ཚན་ཁག་གི་བློ་མཐུན་རྣམས་ལ་འབྲེལ་འདྲིས་དང་གྲོས་མོལ་མང་བོ་བྱས་ཏེ། མཉམ་དུ་སྡེ་བའི་དོན་དག་རེ་རེ་ཐག་གཅོད་བཟང་བོ་བྱེད་དགོས་པའི་ཐུགས་རེ་བཏོན།

  སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཐག་མི་རིང་སར་ཡོད་པའི་ཐོ་ཁི་ཀྲ་ཁི་གྲོང་རྡལ་ལྟེ་གནས་སློབ་ཆུང་དུ་དཔེ་ཀློག་གི་སྒྲས་ཁེངས་ཡོད། ཞི་ཅིན་ཕེན་སློབ་གྲྭ་དེར་ཕེབས་པ་དང་། སློབ་གྲྭ་དེའི་སློབ་གཙོས་སྤྱི་ཁྱབ་ཧྲུའུ་ཅི་ལ་སློབ་གྲྭ་དེར་འཛིན་གྲྭ་བཅུ་གཉིས་ཡོད་པ་དང་ཚང་མར་སྐད་གཉིས་སློབ་ཁྲིད་བྱེད་བཞིན་ཡོད་ལ། སློབ་ཁྲིད་ཀྱི་སྒྲིག་ཆས་བཟང་བོ་ཡོད་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་ན་ཞི་ཅིན་ཕེན་དགའ་སྤྲོ་ཆེན་པོ་སྐྱེས།

  དེའི་རྗེས་སུ་ཞི་ཅིན་ཕེན་སྡེ་མི་ཨ་པུའུ་ཏུའུ་ཁི་ཡུག་མུའུ་རེ་ཙི་ཚང་ལ་ཕེབས་ཏེ། ཁོ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། གནས་དེར་ཡོད་པའི་སྡེ་མི་རྣམས་དང་མཉམ་དུ་གསུང་གླེང་མཛད། ཁོང་གིས་ང་ཐེངས་འདིར་ཡོང་དོན་ནི་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་མི་ཚང་མས་ཤེས་ཡོད་མེད་ལ་བལྟ་རྒྱུ་དེ་ཡིན་ལ། ང་ཚོའི་ཏང་གི་སྲིད་ཇུས་ཐམས་ཅད་དམངས་བློར་མཐུན་མིན་དང་དམངས་འཚོར་ཕན་མིན་གཞིར་བཟུང་ནས་གཏན་འབེབས་དང་ལག་བསྟར་བྱེད་པ་ཡིན། ང་ཚོའི་ཞིང་སྡེའི་ཏང་རྩ་འཛུགས་དེ་ངེས་པར་དུ་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་བཙན་རྫོང་བརྟན་པོར་འགྱུར་དགོས། དེ་ལྟར་བྱས་ཚེ་བརྟན་འཇགས་དང་འཕེལ་རྒྱས་ཀྱི་བྱ་བ་གང་ཞིག་དམ་འཛིན་བྱེད་ནའང་སྟོབས་ཤུགས་ཡོད་ཅེས་གསུངས།

  ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཝུའུ་ལུའུ་མུའུ་ཆི་ན་ཡོད་པའི་ཞིན་ཅང་སིལ་ཏོག་ལས་རིགས་སྡེ་ཚོགས་ཚད་ཡོད་ཀུང་ཟིར་ཕེབས་ནས་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ཐོན་རྫས་འགྲེམ་སྟོན་ལ་གཟིགས་པ་དང་། སིལ་ཏོག་ལས་སྣོན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་རྗེས། ཁོ་ཚོས་ཞིན་ཅང་གི་སིལ་ཏོག་ལས་རིགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་བྱས་རྗེས་མང་ཙམ་འཇོག་དགོས་པའི་སྐུལ་མ་གནང་།

  ཉིན་དེར་ཞི་ཅིན་ཕེན་གྱིས་ཁ་ཧྲི་ནས་མགོ་འཛིན་མཛད་དེ་ཧི་ཐེན་དང་ཁ་ཧྲི། ཁི་ཀྲིག ཨ་ཁི་སུའུ། པ་ཀྲིག་བཅས་ཞིན་ཅང་ལྷོ་ཕྱོགས་ཀྱི་ས་ཁུལ་དང་ཁུལ་ལྔའི་འགན་ཁུར་བློ་མཐུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཞི་ཅིན་ཕེན་གྱིས་དམངས་འཚོ་ལེགས་བཅོས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམ་དུ་སྦྲེལ་ནས། ཞིང་པ་རྣམས་ལ་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་ཁྲོམ་རའི་བདག་གཉེར་བྱེད་ཐབས་ཤེས་སུ་འཇུག་དགོས་པ་དང་། ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་སུ་བཏང་ནས་ས་གནས་རང་གི་མང་ཚོགས་ལས་ཞུགས་བྱེད་ཚད་ཇེ་མཐོ་དང་ས་གནས་རང་གི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། རིགས་སོ་སོའི་མང་ཚོགས་ཀྱི་སློབ་གསོ་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་སོགས་ཐད་ཀྱི་གནད་དོན་དངོས་སུ་ཐག་གཅོད་དགོས་པ་དང་། མང་ཚོགས་བསམ་འཆར་ཆེ་བའི་ཆུ་དང་ལམ། གློག་དང་རླངས་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ། མང་ཚོགས་དང་དོན་དངོས་སྒྲུབ་པ་དང་མང་ཚོགས་ཀྱི་དཀའ་གནད་སེལ་ཏེ་དམངས་ཕན་བཟོ་སྐྲུན་དེ་དངོས་སུ་དམངས་སེམས་བཟོ་སྐྲུན་ཏུ་བསྒྱུར་དགོས་ཞེས་ནན་གྱིས་གསུངས།

  ཞི་ཅིན་ཕེན་གྱིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཁོང་ཉིད་དམག་དཔུང་དེའི་ཁྲི་ཤོག་དྲུག་པའི་གུང་གཞོན་ཚོགས་པའི་ཞིང་རར་ཕེབས་ཏེ་ཞིང་ལས་དེང་རབས་ཅན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད། དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཞི་ཅིན་ཕེན་གྱིས་གནས་བབ་གསར་བའི་འོག་ཏུ་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གིས་སྤྱི་ཚོགས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་མཐུན་སྦྱོར་ལ་ཡར་སྐུལ་བྱེད་པ། མི་གྲངས་ཐོན་ཁུངས་ལེགས་སྒྱུར་བྱེད་པ་སོགས་ཐད་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་གསུངས།

  ཞི་ཅིན་ཕེན་གྱིས་ཆོས་ལུགས་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད། ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་ཝུའུ་ལུའུ་མུའུ་ཆི་ཡཱང་ཧང་མུའུ་སི་ལིན་ཆོས་ཁང་དུ་ཕེབས་ཏེ་ཆོས་ཁང་དེའི་འབྲེལ་ཡོད་མགོ་བར་གསུང་གླེང་མཛད་དེ། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་མཛད། དེའི་རྗེས་སུ་ཞི་ཅིན་ཕེན་གྱིས་ཞིན་ཅང་གི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བཞུགས་མོལ་མཛད། ཞི་ཅིན་ཕེན་གྱིས་ཞིན་ཅང་གི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་མུ་མཐུད་དུ་རྒྱས་གཅེས་དམངས་གཅེས་ཀྱི་གོམས་སྲོལ་བཟང་བོ་དར་སྤེལ་བྱེད་པ་དང་། ལངས་ཕྱོགས་གསལ་བོས་ཆོས་ལུགས་ཐལ་སྐྱོད་བསམ་བློར་ངོ་རྒོལ་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ཀྱི་ནང་དོན་ལ་གོ་བ་ཡང་དག་ལེན་པར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ་ཚང་མར་སེམས་བདེ་མོས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་འཚོ་ལེགས་སྒྱུར་བྱེད་དུ་འཇུག་དགོས་ཞེས་གསུངས།

  རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕེན་གྱིས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུར་གསན་ནས། ཞིན་ཅང་གིས་ཉེ་བའི་ལོ་འགའི་རིང་ལ་བརྟན་འཇགས་དམ་འཛིན་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་དང་གོང་འཕེལ་ལ་ཁས་ལེན་མཛད།

000.jpg

  འདི་ནི་ཟླ༤བའི་ཚེས༢༨ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཞིན་ཅང་སིལ་ཏོག་ལས་རིགས་སྡེ་ཚོགས་ཚད་ཡོད་ཀུང་ཟིར་ཕེབས་ཏེ་སིལ་ཏོག་ལས་སྣོན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

5.jpg

  འདི་ནི་ཟླ༤བའི་ཚེས༢༩ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཁྲི་ཤོག་དྲུག་པའི་གུང་གཞོན་ཚོགས་པའི་ཞིང་ར་ནས་ཞིང་ལས་དེང་རབས་ཅན་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།

6.jpg

འདི་ནི་ཟླ༤བའི་ཚེས༢༩ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་ཁྲི་ཤོག་དྲུག་པ་ནས་བཞུགས་མོལ་ཚོགས་འདུ་བསྡུ་བའི་ཚུལ་རེད།

7.jpg

འདི་ནི་ཟླ༤བའི་ཚེས༣༠ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་ཝུའུ་ལུའུ་མུའུ་ཆི་ཡཱང་ཧང་མུའུ་སི་ལིན་ཆོས་ཁང་དུ་ཕེབས་ཏེ། ཆོས་ཁང་དེའི་འབྲེལ་ཡོད་མགོ་བར་གསུང་གླེང་མཛད་པའི་ཚུལ་རེད།

8.jpg

འདི་ནི་ཟླ༤བའི་ཚེས༣༠ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་གྱིས་ཝུའུ་ལུའུ་མུའུ་ཆི་ནས་ཞིན་ཅང་གི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བཞུགས་མོལ་མཛད་པའི་ཚུལ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག