མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གུང་གསེང་རིང་དོན་རྐྱེན་མང་བར་གཞིགས་ནས་སྤྱི་བདེ་པུའུ་ཡིས་འགྲིམས་འགྲུལ་ཉེན་བརྡ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-01 20:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5པའི་ཚེས1ནས་ཚེས3ཉིན་བར་ནི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་དགུང་གསེང་ཡིན་ཞིང་། ཉེ་ལམ་ལོ་ཤས་རིང་ལྔ་གཅིག་ངལ་རྩོལ་དུས་ཆེན་རིང་ཐོན་པའི་དོན་རྐྱེན་གྱི་ཁྱད་ཆོས་དང་དེ་བཞིན་བོག་གཏོང་འགྲུལ་སྐྱེལ་རླངས་འཁོར་གྱིས་སྒྲིག་སྲོལ་ལས་འགལ་ནས་ཚོང་གཉེར་བྱེད་པ་དང་། གྲོང་གསེབ་ཀྱི་མན་པའོ་རླངས་འཁོར་གྱིས་མི་ཚད་ལས་འདས་པ་བླུགས་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས་སྤྱི་ཟླ4བའི་ཚེས30ཉིན་དུས་ཆེན་ངལ་གསོའི་རིང་གི་འགྲིམ་འགྲུལ་བདེ་འཇགས་ཉེན་བརྡ་བཏང་ནས། རྒྱ་ཆེའི་ཁ་ལོ་བས་བདེ་འཇགས་ལ་ཡིད་གཟབ་གནང་རྒྱུའི་དྲན་སྐུལ་ཞུས་ཡོད་པ་རེད།

བསྡོམས་རྩིས་ལས་མངོན་པར། ཉེ་བའི་ལོ་ལྔའི་རིང་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་དགུང་གསེང་རིང་འགྲིམ་འགྲུལ་དོན་རྐྱེན་ཐོན་མང་ཞིང་། དོན་རྐྱེན་དེ་དག་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་པ་སྟེ། གཅིག་ནི་གུང་གསེང་གི་ཉིན་དང་པོར་དོན་རྐྱེན་ཐོན་མང་ཤོས་ཡིན་པ། གཉིས་པ་ནི་པེ་ཅིང་དང་ཐན་ཅིང་། ཧོ་པེ། ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧྥུ་ཅན། ཅི་ལིན་དང་ཧེ་ལུང་ཅང་། ཀོང་ཤི་དང་ཁྲུང་ཆིང་། ཀན་སུའུ་དང་མཚོ་སྔོན་སོགས་ཁྱབ་ཁོངས་ལྔའི་གུང་གསེང་རིང་གི་ཉིན་རེའི་དོན་རྐྱེན་ཐོན་ཚད་དེ་ནམ་རྒྱུན་ལས་མང་བ་ཡོད་པ། གསུམ་པ་ནི་སྒེར་བདག་རླངས་འཁོར་གྱི་འགྲིམ་འགྲུལ་དོན་རྐྱེན་ཐོན་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ། བཞི་པ་ནི་དོན་རྐྱེན་མང་ཆེ་བ་རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དུ་ཐོན་པ་དང་། གྲོང་གསེབ་གཞུང་ལམ་གྱི་དོན་རྐྱེན་ཐོན་ཚད་ཀྱང་མང་དུ་འགྲོ་བའི་རྣམ་པ་ཞིག་མངོན་བཞིན་ཡོད་པ། ལྔ་པ་ནི་རླངས་འཁོར་གྱི་མྱུར་ཚད་ཚད་ལས་བརྒལ་བ་དང་། གཏན་འབེབས་ལྟར་རླངས་འཁོར་མི་གཏོང་བ། ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་བཅས་ནི་དོན་རྐྱེན་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ། དྲུག་པ་ནི་རླངས་འཁོར་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མིའི་བར་དོན་རྐྱེན་ཐོན་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཁྲོད་བཟུང་བའི་བསྡུར་གྲངས་དེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེའི་ཁྲོད་ནས་རླངས་འཁོར་གྱིས་མི་ལ་རྡུང་པའི་དོན་རྐྱེན་མང་བ་ཡོད་པ་རེད།

དེར་བརྟེན། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་འགྲོ་བསྐྱོད་གནས་ཚུལ་ལེགས་པ་དང་། རླངས་འཁོར་མྱུར་ཚད་མགྱོགས་པ། འགྲུལ་བཞུད་བྱེད་མང་བར་རླངས་འཁོར་གྱི་མྱུར་ཚད་ཚད་ལས་མི་བརྒལ་བ་དང་། རླངས་འཁོར་གཏོང་དུས་དཀའ་ལས་ཁག་དྲག་རྒྱུ་མེད་པ། རླངས་འཁོར་ཁ་བཀག་པའམ་དལ་པོའི་ངང་འགྲོ་བསྐྱོད་བྱེད་དུས་ངང་རྒྱུད་རིང་པོའི་སྒོ་ནས་སྒུག་དགོས་པ་དང་། ལམ་གཞན་ལ་བརྟེན་ནས་མདུན་གྱི་རླངས་འཁོར་ལས་བརྒལ་རྒྱུ་མེད་པ། ལམ་གཞན་ལ་བརྟེན་ནས་ཨུ་ཚུགས་ཀྱིས་འགྲོ་བསྐྱོད་བྱེད་མི་རུང་བ། གྲོང་གསེབ་དང་། རི་ཁུལ་གཞུང་ལམ་དུ་འགྲིམ་འགྲུལ་ཆ་རྐྱེན་ཞན་པ་དང་། བདེ་འཇགས་སྒྲིག་ཆས་འཐུས་ཚང་མིན་པར་ངེས་པར་དུ་གཟབ་ནན་གྱིས་རླངས་འཁོར་གཏོང་དགོས་པ་དང་། གཞུང་ལམ་གྱི་གནས་ཚུལ་ལ་ལྟ་ཞིབ་ནན་ཏན་བྱེད་དགོས་ཤིང་། འཁྱོགས་ལམ་དང་། གཡང་གཟར་ལམ་བུ་སོགས་ཀྱི་ལམ་རྒྱུད་དུ་དལ་པོའི་སྒོ་ནས་འགྲོ་བསྐྱོད་བྱེད་དགོས་པ། ཆར་ཆུ་འབབ་དུས་གཞུང་ལམ་བརླན་གཤེར་ཆེ་ཞིང་། མཐོང་ཚད་ཐུང་བས་ངེས་པར་དུ་ཉེན་ཟོན་གློག་སྤར་དགོས་པ་དང་། དགོས་ངེས་སྐབས་རླངས་འཁོར་དབར་གྱི་བར་ཐག་རིང་དུ་བཏང་ནས། ཛ་དྲག་ངང་ཁ་བཀག་པ་དང་། ཛ་དྲག་ངང་ཁ་སྒྱུར་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས་པ། བདེ་འཇགས་སྐེ་རག་བཅིངས་ན། འགྲིམ་འགྲུལ་དོན་རྐྱེན་ཁྲོད་གནོད་ཚེ་ཕོག་ཚད་བརྒྱ་ཆ་བཞི་བཅུ་ཆུང་དུ་གཏོང་ཐུབ་པ་བཅས་ཀྱི་དྲན་སྐུལ་ཞུས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག