མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨི་ལི་པེ་ཀི་ཏོ་ཨར་ཅི་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་མོང་གོལ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཆིངས་ཡིག་བཀོད་དེ་ལོ་འཁོར་ཉི་ཤུ་ལོན་པར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-30 10:51

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨི་ལི་པེ་ཀི་ཏོ་ཨར་ཅི་དང་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་དང་མོང་གོལ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཆིངས་ཡིག་བཀོད་དེ་ལོ་འཁོར་ཉི་ཤུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། 1994ལོའི་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ཀྲུང་གོ་དང་མོང་གོལ་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་མོང་གོལ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཆིངས་ཡིག་བཀོད་དེ། འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་བསྟན་པ་དང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཀྱི་གཞི་རྩའི་རྩ་དོན་གཏན་ལ་ཕབ་པར་མ་ཟད། ཀྲུང་གོ་དང་མོང་གོལ་གཉིས་ཀྱིས་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་བྱེད་པ་དང་། ནམ་ཡང་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་བྱེད་རྒྱུའི་ཆོད་སེམས་དང་ཡིད་ཆེས་ཁྱབ་བསྒྲགས་བྱས་ནས། དེ་ལོ་ངོ་ཉི་ཤུའི་རིང་ལ་ཀྲུང་གོ་དང་མོང་གོལ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་པའི་ཁག་ཐེག་གལ་ཆེན་ཞིག་ཏུ་བསྒྱུར། ད་ལོ་ནི་ཀྲུང་གོ་དང་མོང་གོལ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པ་དང་ཀྲུང་གོ་དང་མོང་གོལ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཆིངས་ཡིག་བཀོད་དེ་ལོ་འཁོར་ཉི་ཤུ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་གྲོས་མོལ་དང་གཏན་འཁེལ་བྱས་པའི་ཀྲུང་གོ་དང་མོང་གོལ་གཉིས་ཀྱི་མཛའ་མཐུན་བརྗེ་རེས་ལོ་ཡང་ཡིན། ངས་ཀྲུང་གོ་དང་མོང་གོལ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་མོང་གོལ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་བཟང་བོ་བསྐྲུན་འདོད་ཡོད་ཟེར།

ཨི་ལི་པེ་ཀི་ཏོ་ཨར་ཅི་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། འདས་པའི་ལོ་ཉི་ཤུའི་རིང་ལ། མོང་གོལ་དང་ཀྲུང་གོ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བའི་ཆིངས་ཡིག་གི་དགོངས་དོན་གྱི་མཛུབ་སྟོན་འོག མོང་གོལ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་བདེ་བླག་སྒོས་འཕེལ་རྒྱས་སུ་བཏང་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕེན་བར་བཙུགས་པའི་འབྲེལ་བ་བཟང་བོར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་མོང་གོལ་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ལས་དོན་རླབས་ཆེན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག