མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཞུང་ལམ་འཛུགས་སྐྲུན་ཡག་པོ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕུགས་བསམ་མཉམ་དུ་མངོན་འགྱུར་ཡོང་བ་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-30 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཟིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་ལམ་བུའི་ཐོག་ཞིང་གསུམ་གནད་དོན་ལ་སྔ་ཕྱི་བར་གསུམ་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་དོ་ཁུར་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གཞུང་ལམ་གོང་འཕེལ་གཏོང་རྒྱུའི་ཐད་གལ་ཆེའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ཞིང་། གྲོང་གསེབ་ཀྱི་གཞུང་ལམ་གྱིས་རྒྱ་ཆེའི་ཞིང་པ་དབུལ་གྲོལ་ཕྱུག་འགྱུར་ཡོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ལ་བསྐྱོད་རྒྱུར་སྐུལ་འདེད་ཐེབས་རྒྱུའི་རེ་བ་ཆེན་པོ་བཅོལ་གནང་ཡོད།

སྤྱི་ལོ2013ལོའི་ཟླ11པའི་ཚེས3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅི་ཧྲའུ་གྲོང་ཁྱེར་དུ་གནས་པའི་ཨའེ་ཀྲའེ་ས་ཁུལ་གྱི་དཔྱང་ཐག་ཟམ་ཆེན་ལ་གཟིགས་པར་ཕེབས་པ་དང་། ཤང་ཤིའི་ཁུལ་དུ་ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་ཆ་རྐྱེན་ལ་འགྱུར་བ་ཆེན་པོ་བྱུང་བ་དང་། ལྷག་པར་དུ་ཤང་དང་གྲོང་ཚོའི་གཞུང་ལམ་དྲ་བ་གཞི་རྩའི་ཆ་ནས་འགྲུབ་པ་མཁྱེན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་དབུལ་ཕོངས་ས་ཁུལ་དབུལ་གྲོལ་ཕྱུག་འགྱུར་ཡོང་བར་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་པས། དེའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། མུ་མཐུད་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

སྤྱི་ལོ2014ལོའི་ཟླ3པའི་ཚེས4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གཞུང་ལམ་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་སྙན་ཞུའི་ཐོག་མཆན་བཀོད་མཛུབ་སྟོན་གནང་ནས་ནན་བཏོན་གནང་བར། དབུལ་ཕོངས་ས་ཁུལ་ཁག་ཅིག་ཏུ་དཔྱང་ཐག་གཅིག་སྒྱུར་བཀོད་བྱེད་པ་དང་། གཞུང་ལམ་དུམ་བུ་གཅིག་བསྐྲུན་ཚེ། མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ཡོང་བའི་སྒོ་མོ་ཕྱེ་ཐུབ་ཅེས་ནན་བཏོན་གནང་ཡོད། དུ་ལོང་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་གྲས་ཤིག་ཡིན་ཞིང་། གཙོ་བོ་ཡུན་ནན་ཀུང་ཧྲན་རྫོང་དུ་ལོང་ཅང་ཤང་དུ་འཚོ་སྡོད་བྱེད་ཀྱི་ཡོད། དེ་གར་གྲོག་རོང་མང་བས་ཕྱི་ཕྱོགས་སུ་བསྐྱོད་ས་དུ་ལོང་ཅང་གི་གཞུང་ལམ་གཅིག་རང་ལས་མེད་ཅིང་། ལོ་ལྟར་ལོ་ཕྱེད་ཙམ་གངས་ཆེན་པོ་བབས་པའི་རྐྱེན་གྱིས་རི་བཀག་པས་ཕྱིར་བསྐྱོད་ཐབས་བྲལ་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་རྗེས་ལུས་ཡིན་ཞིང་། ཡུན་ནན་དང་ཐ་ན་རྒྱལ་ཡོངས་སུ་ཆེས་དབུལ་ཕོངས་དང་རྗེས་ལུས་ཡིན་པའི་ས་ཁུལ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་གནང་གི་ཡོད་པ་དང་། གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་ནས་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཡུན་ནན་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་པས། ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ཟམ་མི་ཆད་པར་ལེགས་བཅོས་བྱུང་ཡོད། སྤྱི་ལོ2014ལོའི་སྤྱི་ལོའི་ལོ་གསར་མ་སླེབས་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ས་གནས་དེ་གའི་མང་ཚོགས་ཀྱི་ཡི་གེ་འབྱོར་བ་དང་། དུ་ལོང་ཅང་གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་ཐུབ་གྲབས་ཡོད་པའི་གནས་ཚུལ་མཁྱེན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་གནང་ནས་འཕྲལ་མར་མཆན་བཀོད་མཛུབ་སྟོན་གནང་བ་དང་། དུ་ལོང་རིགས་ཀྱི་ཡུལ་མི་ཚོར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། ཁོང་ནས་དུ་ལོང་ཅང་གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་ཐུབ་རྗེས་དུ་ལོང་རིགས་ཀྱི་སྤུན་ཟླས་རྒྱལ་ཡོངས་ཀྱི་སྤུན་ཟླའི་མི་རིགས་གཞན་དག་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་རྒྱུར་རོགས་རམ་ཡོང་རྒྱུའི་ཐད་རེ་བ་ཆེན་པོ་བཅོལ་གནང་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པ་འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་གོང་འཕེལ་དང་ཞིང་པ་ཕྱུག་པོ་ཆགས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་སླེབས་རྒྱུར་དེ་བས་གཏིང་ཟབ་ལ་རྒྱང་རིང་བའི་ཇུས་འགོད་གནང་ཡོད། སྤྱི་ལོ2013ལོའི་ཟླ་བ་བདུན་པའི་ཚེས22ཉིན་གྱི་ཕྱི་དྲོ། ཁོང་ཧུའུ་པེ་ཨེ་ཀྲའུ་ཡི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་ཚོད་ལྟ་སྤེལ་སའི་ཁྲང་གང་གྲོང་རྡལ་ཏུང་ཧྲན་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་དང་། གྲོང་མི་ཁག་ཅིག་དང་མཛའ་བརྩེའི་གླེང་མོལ་གནང་སྐབས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་མངོན་འགྱུར་ཡོང་བ་དང་། མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་བྱ་རྒྱུ་དེ་ནི་ཡུལ་མི་ཚོར་བདེ་སྐྱིད་བསྐྲུན་ཆེད་ཡིན་པས། དགོས་མེད་ཀྱི་ལས་ཀའི་ཐོག་མ་དངུལ་བེད་སྤྱོད་གཏོང་མི་རུང་ཞེས་གསུངས་པ་དང་། ཁོང་གིས་ད་དུང་གྲོང་རྡལ་ཅན་གོང་འཕེལ་གཏོང་དགོས་པ་མ་ཟད། ཞིང་ལས་དེང་རབས་ཅན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་ཡང་གོང་འཕེལ་གཏོང་དགོས། དུས་གཅིག་ཏུ་གོང་འཕེལ་བཏང་ཚེ་གཞི་ནས་ཕྱོགས་གཉིས་ཀའི་ནུས་པ་འདོན་སྤེལ་ཐུབ་པས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་ཐེབས་ཐུབ་ཅེས་ནན་བཤད་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་སྔར་བས་མགྱོགས་པའི་སྒོ་ནས་གོང་འཕེལ་འགྲོ་བ་དང་། རྒྱ་ཆེའི་ཞིང་པ་རྣམས་སྔ་ཙམ་དབུལ་གྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཐེབས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཚར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བློས་འགེལ་ཆོག་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་སྲུང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག