མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་ལས་དོན་སྒྲུབ་ཐབས་ལྔར་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུས་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-04-27 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ན་ནིང་སྤྱི་ཟླ་བདུན་པ་ནས་བཟུང་། ནང་སོག་ཨུ་ཧའེ་གྲོང་ཁྱེར་ཧའེ་བོ་དབན་ཁུལ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་འབྲེལ་བ་བྱེད་པའི་ལས་དོན་སྒྲུབ་ཐབས་ལྔ་ཞེས་པ་ཁྱབ་གདལ་བཏང་བ་དང་། ཏང་ཡོན་ལས་བྱེད་པས་སྲང་ལམ་དང་སྡེ་ཁུལ་དུ་ཟབ་སྐྱོད་བྱས་ཏེ། ཟབ་སྐྱོད་ཁྲོད་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

ཨུ་ཧའེ་གྲོང་ཁྱེར་ལྟེ་བའི་ཁྲོམ་ར་དེ་དུས་རབས་གོང་མའི་དུས་མཇུག་ཏུ་འཛུགས་སྐྲུན་བྱས་པ་དང་། ཚོང་ཁང་གི་ཐོན་དབང་མང་ཆེ་བ་མི་སྒེར་ལ་དབང་ཞིང་། གྲོང་ཁྱེར་གྱི་གོང་འཕེལ་དང་བསྟུན་ནས་ཁྲོམ་ར་དང་ཉེ་འགྲམ་དུ་གསར་སྐྲུན་བྱས་པའི་སྡེ་ཁུལ་བར་གྱི་འགལ་ཟླ་དེ་བས་མང་དུ་འགྲོ་བཞིན་ཡོད།

ཟབ་སྐྱོད་ཁྲོད་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་སྡེ་ཁུལ་གྱི་ལས་བྱེད་པའི་མཐུན་སྦྱོར་གྱི་འབྲེལ་ཡོད་ཚན་པས་དེ་གར་དངོས་ལས་ཀུང་སི་གདན་དྲངས་བ་མ་ཟད། ཁྲོམ་རའི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་འགོ་ཚུགས་ཡོད།

ཟབ་སྐྱོད་དང་། ཟིན་ཐོ་འགོད་པ། ལས་དོན་སྒྲུབ་པ། བརྡ་ལན་སྤྲོད་པ། གདེང་འཇོག་བྱེད་པ་བཅས་ཀྱི་བྱ་ཐབས་བརྒྱུད་ཧའེ་བོ་དབན་ཁུལ་གྱི་ལས་བྱེད་པ་ཚོས་གཞུང་དོན་སྒྲུབ་ས་སྡེ་ཁུལ་གྱི་སྲང་ལམ་དང་། སྒོ་ར། གྲོང་མིའི་ཁྱིམ་བཅས་ནང་སྤོས་ཡོད། ཧྥང་ཧོང་ལིན་སྲང་ལམ་ནི་རྒྱ་ཁྱོན་ཆེ་བ་དང་། གྲོང་མི་མང་ཞིང་། ཁོངས་གཏོགས་སྡེ་ཁུལ་ནང་གཞུང་བཙུགས་བུ་བཅོལ་ཁང་གཅིག་ཀྱང་མེད། ཧའེ་བོ་དབན་ཁུལ་དང་ཨུ་ཧའེ་གྲོང་ཁྱེར་གྱིས་ནོར་སྲིད་ནས་མ་དངུལ་གཏོང་བ་དང་། གཞུང་ནས་རོགས་རམ་དང་མང་ཚོགས་ནས་གཉེར་བ་སོགས་ཀྱི་རྣམ་པ་བརྒྱུད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་བཏང་ནས། སྔ་རྗེས་སུ་བུ་བཅོལ་ཁང་དྲུག་འཛུགས་སྐྲུན་བྱས་ཡོད།

གོམ་སྟབས་ལྔའི་བྱ་ཐབས་ཞེས་པ་ལག་བསྟར་བྱས་ཚུན། རིམ་རྩིས་བྱས་ན་མང་ཚོགས་ནས་བཏོན་པའི་རིགས་མི་འདྲ་བའི་རེ་ཞུ་596འབྱོར་བ་དང་། དེའི་ཁྲོད་ཐད་གཏོགས་གྲོང་ཁྱེར་གྱིས་རེ་ཞུ་583ཐག་གཅོད་བྱས་ཟིན་པ་དང་། ད་དུང་རེ་ཞུ་བཅུ་གསུམ་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་དང་ཐག་གཅོད་བྱ་རྒྱུར་སྐྱེལ་ཡོད། མིག་སྔར་ལས་དོན་སྒྲུབ་ཐབས་དེ་ཨུ་ཧའེ་གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་གཏོང་འགོ་ཚུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག