མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་ཞིབ་འཇུག་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས་ཉེར་ལྔ་ཉིན་གྲོས་ཚོགས་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བལྟས་ན། ད་ལོར་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱས་པ་དང་ཧུར་ཐག་སྒོས་དཀའ་ཁག་དང་འགྲན་རྩོད་ལ་ཁ་གཏད་འཇལ་ཞིང་རིམ་པ་སོ་སོའི་འགལ་བ་ཐག་གཅོད་བྱས་པ་དང་། ཕྱོགས་སོ་སོའི་བྱ་བ་ནན་ཏན་སྒོས་བསྒྲུབས་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་གནས་བབ་བརྟན་བརླིང་ཡིན་པ་དང་དཔལ་འབྱོར་འཁོར་རྒྱུགས་དེ་འོས་འཚམ་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱས། དུས་ཚིགས་དང་པོར་དཔལ་འབྱོར་གྱི་འཕར་ཚད་དེ་ལོ་ཧྲིལ་བོའི་སྔོན་དཔག་དམིགས་འབེན་གྱི་ཁྱབ་ཁོངས་སུ་གནས་ཡོད་པ་དང་ལས་ཞུགས་གནས་བབ་སྤྱིར་བཏང་དུ་བཟང་ཞིང་དངོས་གོང་ཆུ་ཚད་བརྟན་འཇགས་ཡིན་པ་དང་། ཉོ་ཚོང་གཏོང་ཡོང་གི་གནས་ཚུལ་ཅུང་ལེགས་བཅོས་བྱས་ཤིང་ནོར་སྲིད་ཀྱི་ཡོང་སྒོ་དང་ཁེ་ལས་ཀྱི་ཕན་འབྲས། སྡོད་དམངས་ཀྱི་ཡོང་སྒོ་བཅས་ཀྱི་གནས་ཚུལ་ཅུང་བཟང་། ཕྱོགས་སོ་སོའི་བཅོས་སྒྱུར་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་ལ་ཕབ་པའི་ལམ་ཐིག་ཇུས་གཞི་དང་དུས་ཚོད་རེའུ་མིག་ལྟར་གོ་རིམ་ལྡན་ཞིང་ནུས་པ་ཡོད་པའི་སྒོ་ནས་སྤེལ་དགོས་པ་དང་། ཚོང་རའི་གསོན་ཤུགས་སྐུལ་ཞིང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཚོང་རའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཕྱོགས་སུ་བཅོས་སྒྱུར་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་ནས་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་ལ། དཔལ་འབྱོར་གྱི་སྤྱིའི་གནས་བབ་དེ་ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམ་སྒྲིག་བྱེད་པ་དང་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་དང་མཐུན་པར་སྙམ།

ཚོགས་ཐོག་ནས་བསྟན་དོན། དེང་སྐབས་དཔལ་འབྱོར་བྱ་བའི་མདུན་དུ་དཀའ་ཁག་དང་གནོན་ཤུགས་མི་ཉུང་བ་གནས་ཡོད་ལ། རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱི་ཕྱོགས་ཁོར་ཡུག་སྔར་བཞིན་ཅུང་བརྟན་འཇགས་མིན་པ་དང་དཔལ་འབྱོར་འཕར་ཚད་ཇེ་དམའ་རུ་འགྲོ་བའི་གནོན་ཤུགས་སྔར་བཞིན་གནས་ཡོད་པས། དཀའ་ཁག་ཁ་ཤས་ལ་གཏན་ནས་མཐོང་ཆུང་བྱེད་མི་རུང་བ་དང་གནས་པའི་ཉེན་ཁ་ལ་ཡིད་འཇོག་ཆེན་པོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རང་རྒྱལ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་ཁ་ཕྱོགས་འགྱུར་མེད་པས་མུ་མཐུད་དུ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཕར་ཚད་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོ་ལེགས་བཅོས། ཉེན་ཁ་འགོག་སྲུང་བྱེད་པ་བཅས་ཀྱི་འབྲེལ་བ་གཅིག་གྱུར་སྒོས་བཀོད་སྒྲིག་དང་ཐག་གཅོད་བཟང་བོ་བྱེད་དགོས་ལ། ཆེ་ཕྱོགས་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་འཇགས་རང་བཞིན་སྲུང་འཛིན་བྱེད་པ་དང་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་ཐད་ནས་ད་ཡོད་ཀྱི་སྲིད་ཇུས་རྨང་གཞི་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་སྔོན་དཔག་དུས་སྐབས་བཟང་བོ་དང་མངོན་གསལ་ཡིན་པའི་ཆེ་ཕྱོགས་སྲིད་ཇུས་ཀྱི་ཁོར་ཡུག་བསྐྲུན་དགོས། ཆེ་ཕྱོགས་སྲིད་ཇུས་བརྟན་འཇགས་ཡིན་དགོས་ལ་ཆུང་ཕྱོགས་སྲིད་ཇུས་ལ་གསོན་ཤུགས་ལྡན་པ་དང་། སྤྱི་ཚོགས་ཀྱི་སྲིད་ཇུས་རྨང་གཞི་བྱེད་དགོས་པ་བཅས་ཀྱི་གཞི་རྩའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་ན་གནས་བབ་ཀྱི་འགྱུར་ལྡོག་ལྟར་ལུགས་མཐུན་སྒོས་དེའི་ནང་དོན་ལེགས་སྒྲིག་བྱས་ནས། ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་སོ་སོ་མངོན་འགྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག