མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 11:05

ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས24ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏེན་མག་གི་རྒྱལ་མོ་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྤྲོ་སེམས་འཁོལ་བའི་ངང་ནས་ཀྲུང་གོ་དང་ཏེན་མག་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཕྱིར་དྲན་བྱས་པར་མ་ཟད། ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མདུན་ལྗོངས་གསར་བ་བསྐྲུན་རྒྱུ་གཏན་འཁེལ་བྱས།

ཞི་ཅིན་ཕེན་གྱིས་བསྟན་དོན། རྒྱལ་མོ་ལགས་ཀྱིས་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་ཀྲུང་གོར་འཚམས་འདྲི་བྱས་པ་དང་ཁྱེད་ནི་ཀྲུང་གོ་རྒྱལ་ཁབ་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ཐོག་དང་པོར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མགོ་གཙོ་ཐོག་མ་རེད། ལོ་ངོ་སོ་ལྔའི་རྗེས་སུ་ཁྱེད་རང་ཡང་བསྐྱར་འཚམས་འདྲིར་ཡོང་བ་དང་ཀྲུང་གོ་རྒྱལ་ཁབ་ད་ལྟ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསླེབས་ཡོད། ཁྱེད་ཀྱི་འཚམས་འདྲི་ཐེངས་གཉིས་ཀྱིས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དེ་ཐོག་མའི་རྣམ་པ་ནས་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བདེན་དཔང་བྱས་ཡོད་པར་མ་ཟད། ཀྲུང་གོ་དང་ཏེན་མག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། ཁྱེད་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་ལ། ང་ཚོས་ཁྱེད་དང་ཏེན་མག་རྒྱལ་བོ་ཚང་གིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་བསྟོད་བསྔགས་ཚད་མཐོན་པོ་བྱེད་བཞིན་ཡོད་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཏེན་མག་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་སྟེང་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པ་དང་དངོས་གཉེར་མཉམ་ལས་ཐད་ནས་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་ཡོད་ལ། ཀྲུང་གོ་རྒྱལ་ཁབ་གཞི་ནས་ཏེན་མག་རྒྱལ་ཁབ་ཀྱི་ཨེ་ཤ་ཡའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་དང་དངུལ་གཏོང་རྒྱལ་ཁབ་ཨང་གཉིས་པ་ཡིན། ད་སྐབས་ཀྲུང་གོ་རྒྱལ་ཁབ་རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གལ་ཆེན་ཞིག་ཏུ་བསླེབས་ཡོད་པས། དངུལ་གཏོང་དང་མཛད་སྤྱོད་ཀྱི་དགོས་མཁོ་དང་འཕར་སྣོན་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ། ཏེན་མག་ཕྱོགས་ལ་གོང་གསལ་གྱི་ཁྱབ་ཁོངས་ཐད་ནས་ཕུམ་སུམ་ཚོགས་པའི་ཉམས་མྱོང་དང་ལག་རྩལ་གྱི་ཁྱད་སྟོབས་ཆེན་པོ་ལྡན་པ་དང་། ཕྱོགས་གཉིས་ཀྱིས་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། སྨན་བཅོས་འཕྲོད་བསྟེན། ཟས་རིགས་བདེ་འཇགས། ནུས་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པས་བསྟན་དོན། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་དངོས་སུ་ཀྲུང་གོའི་འཕེལ་རྒྱས་ཐད་ཀྱི་འགྱུར་ལྡོག་ཆེན་པོ་མཐོང་བར་མ་ཟད། ཆེས་བརྗེད་པར་དཀའ་བའི་མཛེས་སྡུག་གི་བག་ཆགས་ཟབ་མོ་ཞིག་བཞག་སོང་། ང་དང་མཉམ་དུ་ཐེངས་འདིར་འཚམས་འདྲིར་ཡོང་བའི་ཁྲོད་ན་ཏེན་མག་སྲིད་གཞུང་གི་ནང་སྲིད་བློན་ཆེན་མང་པོ་ཡོད་ལ། ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་བོ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་དམ་དུ་བཏང་ནས་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་མང་པོ་ལེན་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཱ་ཀི་ལིས་ཐི་སྐུ་ཕྲེང་གཉིས་པར་དགའ་བསུའི་མཛད་སྒོ་བསྡུས། ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཡན་ཅོན་ཆི། རྒྱལ་སྲིད་ཨུ་ཡོན་ཡཱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་སོགས་མཛད་སྒོར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག